འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་17ཉིན།

༄༅།།མཚོ་སྔོན་ཐུན་རིན་རྫོང་གིས་རེབ་གོང་སྒྱུ་རྩལ་ལ་བརྟེན་ནས་ཕྱུག་འགྱུར་བྱས་པའི་ལེའུ་གསར་པ་བརྩམས། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་17ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཐུན་རིན་རྫོང་རོང་བོ་གྲོང་རྡལ་སེང་གེ་གཤོང་གྲོང་ཚོར། གནའ་ཉམས་དོད་ཅིང་བོད་ལུགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་སྐྲུན་དངོས་ཤིག་ཡོད་དེ། དེ་ནི་མཚོ་སྔོན་ཞིང་ཆེན་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི——རེབ་གོང་སྒྱུ་རྩལ་གླིང་ཡིན་ལ། དེའི“སྦྱིན་བདག”རི་མོ་མཁས་ཅན་སྙིང་འབུམ་རྒྱལ་གྱིས་སློབ་མ་ཚོར་ཐང་ག་འབྲི་སྟངས་ཁྲིད་ཀྱི་འདུག
     “ང་ཚོ་སྒྱུ་རྩལ་གླིང་དུ་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་འཛིན་སྤེལ་བ་དང་། ཀྲུང་གོའི་བཟོ་བཀོད་མཛེས་རྩལ་མཁས་ཅན། ཞིང་ཆེན་རིམ་པའི་མཚོན་བྱེད་རང་བཞིན་གྱི་འཛིན་སྤེལ་བ། མི་རབས་གསར་པའི་རི་མོ་མཁས་ཅན་སོགས་མི་180ལྷག་ཙམ་ཡོད”ཅེས་སྙིང་འབུམ་རྒྱལ་གྱིས་ངོ་སྤྲོད་བྱས།
     ཐུན་རིན་རྫོང་གིས་རེབ་གོང་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་རྨང་གཞིར་བྱས་ནས་ཁྱད་ལྡན་ཐབས་ལམ་བཏོད་པ་དང་། མིག་སྔར། རིག་གནས་གཉེར་སྐྱོང་བྱེད་པོ་258ཟིན་ནས་རིག་གནས་ཐོན་ལས་ནང་ཞུགས་མཁན་མི་ཁྲི་2ལྷག་ཟིན་པ་དང་། 2017ལོར་རིག་གནས་ཐོན་ལས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་6.25ཟིན་པ་དེ་ལོ་གོང་མ་དང་བསྡུར་ན་20%འཕར་ནས། ས་གནས་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུ་དང་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད།
     ངོ་མཚར་ཆེ་བའི་རེབ་གོང་སྒྱུ་རྩལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ།
     རེབ་གོང་སྒྱུ་རྩལ་ཞེས་པ་ནི་སྣ་ཚོགས་པ་ཞིག་ཡིན་ལ། དེའི་ནང་རི་མོ(ཐང་ག་དང་ལྡེབས་རིས)དང་། གོས་དྲུབ། རྐོས་མ(ཤིང་རྐོས་དང་། འཇིམ་བཟོ། རྡོ་རྐོས)སོགས་ཚུད་ཡོད། དེ་དག་གི་ནང་དོན་གཙོ་བོ་བོད་བརྒྱུད་ནང་བསྟན་དང་། ཆབ་སྲིད། དཔལ་འབྱོར། ལོ་རྒྱུས། དམངས་སྲོལ། རིག་རྩལ་སོགས་སྤྱི་ཚོགས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་འབྲེལ་ཡོད་པ་རེད།
     རེབ་གོང་སྒྱུ་རྩལ་བརྩམས་ཆོས་ཀྱི་བཀོད་པ་གསོན་ཉམས་དོད་པ་དང་། པིར་རྩལ་ལེགས་པ། ཚོན་མདངས་བཀྲ་ལ་འཚེར་བ། འབྲི་ལུགས་བབ་ཆགས་པ་ཞིག་ཡོད་པས། མི་སྣའི་གཟུགས་བརྙན་སོགས་ཇི་མ་ཇི་བཞིན་མངོན་གྱི་ཡོད། མི་སྣའི་ཆ་བྱད་དང་། ན་བཟའ། ཚོན་མདངས་སོགས་སྐུའི་ཆ་ཚད་ལྟར་ཧ་ཅང་ཞིབ་ཚགས་པོ་ཡོད་ལ། རི་ཆུ་སོགས་རང་བྱུང་མཛེས་ལྗོངས་འབྲི་བར་ཡང་རང་རང་གི་བསྡུར་གཞི་ཡོད་པ་རེད།
     སྤྱིར་བཏང་གི་རེབ་གོང་སྒྱུ་རྩལ་པ་ཞིག་གིས་རང་གཅིག་པུས་བརྩམས་ཆོས་ཤིག་ལེགས་སྒྲུབ་བྱེད་དགོས་ན་ཉུང་མཐར་ཡང་ལོ་བདུན་བརྒྱད་ཡན་དཀའ་སྤྱད་འབད་བརྩོན་བྱེད་དགོས། རེབ་གོང་བས་རེབ་གོང་སྒྱུ་རྩལ་འགྲེམས་སྤེལ་བྱེད་པར་སྲོལ་རྒྱུན་བཟང་པོ་ཆགས་ཡོད། རེབ་གོང་སྒྱུ་རྩལ་པ་ཚང་མས་སོ་སོའི་ལག་རྩལ་དེ་བུམ་པ་གང་བྱོའི་ཚུལ་དུ་རང་གི་སློབ་མ་ཚོར་ཁྲིད་ཀྱི་ཡོད་པ་རེད།
     རེབ་གོང་སྒྱུ་རྩལ་གླིང་བཙུགས་པ་ནས་བཟུང་ལོ་ལྟར་དུས་ཡུན་རིང་པོ་དང་ཡང་ན་དུས་ཡུན་ཐུང་ངུའི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་ལོ་ན་གཞོན་པའི་རེབ་གོང་སྒྱུ་རྩལ་པ་གསོ་སྦྱོང་བྱེད་ཀྱི་ཡོད་པ་དང་། ན་ནིང་གི་ལོ་མཇུག་བར། རིམ་རྩིས་བརྒྱབ་ན་མི་1500གསོ་སྦྱོང་བྱས་པའི་ནང་སྒྱུ་རྩལ་པ་620རེབ་གོང་ཐང་གའི་སྒྱུ་རྩལ་སྲུང་སྐྱོང་དང་། འཛིན་སྤེལ། འཕེལ་རྒྱས་གཏོང་མཁན་བཅས་ཀྱི་ཕུལ་བྱུང་ཤེས་ལྡན་པར་གསོ་སྐྱོང་བྱས་ཡོད་པ་རེད།
     རེབ་གོང་སྒྱུ་རྩལ་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུ་བཏོད་པ།
     རི་ཁའི་ལྟོ་རྟེན་རི་ཡིན། ཆུ་ཁའི་ལྟོ་རྟེན་ཆུ་ཡིན་ཞེས་པ་བཞིན། རེབ་གོང་བའི་ལྟོ་རྟེན་ནི་རེབ་གོང་སྒྱུ་རྩལ་ཡིན་ཏེ། ཐུན་རིན་རྫོང་སེང་གེ་གཤོང་གྲོང་ཚོ་ཁོ་ནར། རེབ་གོང་སྒྱུ་རྩལ་གྱི་ལས་ཀ་བྱེད་མཁན་དུད་ཚང་གིས་གྲོང་ཚོ་ཡོངས་ཀྱི་དུད་ཚང་སྡོམ་འབོར་གྱི་98%བཟུང་ཡོད་པ་དང་། མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་ལོ་ལྔའི་གོང་གི་སྒོར་5000ལྷག་ནས་མིག་སྔར་སྒོར་ཁྲི་3ལྷག་བར་འཕར་ཡོད་པ་རེད།
     རྨ་ལྷོ་ཁུལ་རེབ་གོང་རིག་གནས་སྣོད་བཅུད་དོ་དམ་ཨུ་ལྷན་གྱི་སྲུང་སྐྱོང་འཛུགས་སྐྲུན་ཁོའོ་ཡི་ཁོའོ་ཀྲང་རོན་ཡོན་ཁྲེང་གིས“རྒྱ་བོད་ཟུང་འབྲེལ་གྱི་ཐབས་ལ་བརྟེན་ནས་རེབ་གོང་གི་ཡུལ་སྐོར་དྲན་རྟེན་ཐོན་རྫས་ཀྱི་ཁྲོམ་ར་རིམ་བཞིན་རྒྱ་ཆེར་འགྲོ་བ་དང་ཚོང་ཟོག་བྲིན་ཚད་ཀྱང་མང་དུ་ཕྱིན་ནས་དེ་སྔའི་དུད་ཚང་དབུལ་པོ་ཐང་གའི་རིག་གནས་ཐོན་ལས་ནང་ཞུགས་རྗེས་དཔལ་འབྱོར་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡོད”ཅེས་བཤད་པ་རེད།
     རྨ་ལྷོ་ཁུལ་སྲིད་གཞུང་གིས་དུས་བབ་དང་བསྟུན་ནས་མ་དངུལ་གྱི་ཁ་གསབ་སྤྲོད་པ་དང་གཅིག་གྱུར་ཐོག་ས་ཆ་བགོས་པ་སོགས་ཀྱི་ཐབས་ལ་བརྟེན་དམངས་ཁྲོད་སྒྱུ་རྩལ་པས་རྣམ་པ་སྣ་ཚོགས་ཀྱི་ཤེས་བྱ་དང་རྩལ་ནུས་འཛིན་སྤེལ་དང་སློབ་སྦྱོང་གི་འགྲེམས་སྟོན་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་ལྕག་སྐུལ་དང་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་རིམ་པའི་མཚོན་བྱེད་དང་འཛིན་སྤེལ་མཁན་སྙིང་འབུམ་གྱི་རེབ་གོང་སྒྱུ་རྩལ་གླིང་དང་། 
      སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་ཁྲོད་རེབ་གོང་སྒྱུ་རྩལ་གྱི“རང་བརྟེན”ནུས་པ་ཆེ་རུ་ཕྱིན་པ།
རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཤ་བོ་སྐྱབས་ཀྱི་རིག་འབྱུང་འཇིམ་རྐོས་སློབ་སྦྱོང་རྒྱུན་འཛིན་ལྟེ་གནས། ཞིང་ཆེན་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་བཀྲ་ཤིས་རྒྱ་མཚོའི་ཀླུ་སྒྲུབ་སྒྱུ་རྩལ་གླིང་མཚོན་བྱེད་དུ་བྱེད་པའི་ཕྱོགས་བསྡུས་རྒྱུན་འཛིན་སློབ་སྦྱོང་གི་འགྲེམས་སྟོན་ལྟེ་གནས་ཁག་གཅིག་མངོན་ཡོད་པ་རེད།
      མིག་སྔར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མངོན་མིན་རིག་གནས་ཤུལ་བཞག་གི་ཕྱོགས་བསྡུས་རྒྱུན་འཛིན་དང་སློབ་སྦྱོང་ལྟེ་གནས་28བསྐྲུན་ཟིན་པ་དང་། ལོ་ལྟར་མངོན་མིན་རིག་གནས་ཤུལ་བཞག་གི་མི་སྣ་1500ལྷག་ཙམ་གསོ་སྐྱོང་བྱས་པ་དང་ཀྲོའུ་ཡོངས་ཀྱི་རིག་གནས་ཐོན་ལས་གཉེར་སྐྱོང་དུད་ཚང་320ཟིན་ཡོད། རེབ་གོང་སྒྱུ་རྩལ་ལས་རིགས་པ་2011ལོའི་མི་ཁྲི་1.3ནས་2016ལོའི་མི་ཁྲི་3བར་མང་དུ་ཕྱིན་པ་དང་རེབ་གོང་སྒྱུ་རྩལ་ཐོན་རྫས་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་2.4ནས་སྒོར་དུང་ཕྱུར་6.5བར་མང་དུ་ཕྱིན་པ་དང་ལོའི་ཡོང་འབབ་སྒོར་ཁྲི་1000ཡན་ཟིན་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཁེ་ལས་5ཡོད་པ་རེད།
     དྲ་སྦྲེལ་+ཀྱི་རྒྱབ་ལྗོངས་འོག་རྨ་ལྷོ་ཀྲོའུ་ཡིས་དུས་བསྟུན་འཕེལ་རྒྱས་བཏང་ནས“ཀྲུང་གོའི་རེབ་གོང་ཐང་གའི་དྲ་བ”བཏོད་པ་དང་ཆེས་གསར་ཤོས་ཀྱི་དྲ་སྦྲེལ་ལག་རྩལ་སྤྱད་དེ་དྲ་ཐོག་དང་དྲ་ཕྱིའི་བྲིན་ཚོང་ཟུང་འབྲེལ་གྱི་བྱེད་ཐབས་ལ་བརྟེན་ནས་རེབ་གོང་གི་བརྩམས་ཆོས་བྲིན་ཚོང་ཁྲོམ་ར་རྒྱ་ཆེར་བཏང་བ་རེད།
     རྨ་ལྷོ་ཁུལ་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཝང་གོ་ཏུང་གིས་ཐོན་སྐྱེད་རང་བཞིན་འབོར་ཆེན་གྱི་སྲུང་སྐྱོང་ལས་རེབ་གོང་སྒྱུ་རྩལ་འདི་ཉིད་ལག་ཤེས་བཟོ་ལས་ཤིག་གི་ཚུལ་དུ་རྒྱུན་འཛིན་ཐུབ་པ་མ་ཟད། ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རེབ་གོང་སྒྱུ་རྩལ་དང་རིག་གནས་ཐོན་ལས་འབྲེལ་མཐུད་ཡག་པོ་བྱས་ཏེ་ས་གནས་འདི་གའི་མང་ཚོགས་ལ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུ་གསར་པ་ཞིག་རྙེད་ཡོད་ཅེས་བཤད་པ་རེད།
     “ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་+གསར་གཏོད་རང་བཞིན་གྱི་རྒྱུན་འཛིན”ནི་རྨ་ལྷོ་ཀྲོའུ་ཡིས་མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་བྱེད་པའི་ལམ་བུའི་ཐོག་བསྐྱོད་པའི་གསར་གཏོད་ཀྱི་རྣམ་པ་ཞིག་རེད། སྲིད་གཞུང་གི་རྒྱབ་སྐྱོར་འོག་རེབ་གོང་སྒྱུ་རྩལ་མཁས་པ་དང་སྒྱུ་རྩལ་མི་སྣ་ཚོའི་འཛམ་གླིང་ས་ཕྱོགས་ཁག་ཏུ་འགྲེམས་སྟོན་གཉེར་བའི་ཧུར་བརྩོན་རང་བཞིན་ཇེ་ཆེར་ཕྱིན་ཡོད། རེབ་གོང་སྒྱུ་རྩལ་གླིང་སྙིང་འབུམ་ཐང་གའི་བརྩམས་ཆོས་རྒྱལ་ཁབ་ཕྱི་ནང་གི་འགྲེམས་སྟོན་200ལྷག་ཙམ་ལ་ཞུགས་པ་དང་འཛམ་གླིང་གི་རྟེན་རྫས་བཤམས་མཛོད་ཁང་རྩེ་གྲ་བཞིའི་ཁྲོད་ཀྱི་གསུམ་དུ་འགྲེམས་སྟོན་བྱས་པ་རེད།
     “རང་བརྟེན”ནུས་པ་ཆེ་རུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་སྤུས་བཤེར་ཅུས་ཀྱིས་《རེབ་གོང་ཐང་གའི་》མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཀྱི་ཚད་གཞི་བཟོས་པ་དང་ལག་བསྟར་བྱས་ནས། རྒྱལ་ཡོངས་ཀྱི་སྔོན་དུ་ཐང་གའི་སྒྱུ་རྩལ་ཐོན་རྫས་ཀྱི་རིམ་པ་དབྱེ་འབྱེད་དང་ཕྱོགས་གསུམ་པའི་ཐང་གའི་སྤུས་ཚད་ཞིབ་བཤེར་སྒྲིག་གཞི་བཙུགས་ནས་འབྱུང་རྩ་ནས་ཐང་གའི་རྒྱུ་ཆའི་སྤུས་ཚད་དང་སྒྱུ་རྩལ་གྱི་སྤུས་ཚད་ལ་དོ་ཁུར་དང་ཁྲིད་སྟོན་བྱས་ཡོད་པ་རེད།
     རོན་ཡོན་ཁྲེང་གིས་རེབ་གོང་ཐང་གར་རྒྱལ་ཁབ་སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱིས“ཀྲུང་གོའི་ས་གཤིས་ཚད་གཞིའི་སྲུང་སྐྱོང་ཐོན་རྫས”ཀྱི་ཆོག་མཆན་སྤྲད་ཡོད། དེས་རེབ་གོང་སྒྱུ་རྩལ་གྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་ཉམས་འགྱུར་དེ་བས་ཆེ་བའི་གར་སྟེགས་ཐོག་འགྲེམས་སྟོན་བྱེད་ཐུབ་པ་མངོན་ཡོད་ཅེས་བཤད་པ་རེད།