འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་16ཉིན།

༄༅།།རྒྱ་གར་དུ་ཀྲུང་གོའི་ལྕགས་ལམ་འགྲིམ་འགྲུལ་ཐོན་རྫས་ལ་བསྔགས་བརྗོད་ཐོབ་པ། 

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཤིང་ཅུན། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་16ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          མི་དམངས་དྲ་བའི་འཕྲིན། རྒྱ་གར་གྱི་ལྕགས་ལམ་ནི་གོ་ལ་ཧྲིལ་པོའི་ལྕགས་ལམ་མ་ལག་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་ལྕགས་ལམ་དྲ་བའི་རིང་ཚད་སྤྱི་ལེ་ཁྲི་6.4ལྷག་ཙམ་ཟིན་པ་དང་འཛམ་གླིང་གི་ལྕགས་ལམ་འགྲིམ་འགྲུལ་སྒྲིག་ཆས་བཟོ་སྐྲུན་ཁེ་ལས་གཙོ་བོ་ཚང་མས་རྒྱ་གར་དུ་མ་འཇོག་བྱས་ནས་བཟོ་གྲྭ་བཙུགས་ཡོད། ཀྲུང་གོ་ཀྲུང་ཁྲེ་མ་རྐང་ཚད་ཡོད་ཀུང་སི་2007ལོར་རྒྱ་གར་གྱི་ཁྲོམ་རར་ཞུགས་ཚུན་ཡུལ་དེར་ས་འོག་ལྕགས་ལམ་དང་། ལྕགས་ལམ་གློག་འཕྲུལ། འཁོར་མདའ་འཁྱོག་པོ་སོགས་ལྕགས་ལམ་འཁོར་རིགས་དང་ལེ་ལག་མཁོ་འདོན་བྱེད་ཀྱི་ཡོད།
          ཅ་ཏེ་ཡ་ཡིས་རྡི་ལི་གསར་པའི་ཀུར་ཀང་ས་འོག་ལྕགས་ལམ་གྱི་རྣམ་གྲངས་ལག་ལེན་བསྟར་བ་ནས་བཟུང་མཁོ་སྤྲོད་ཚོང་པས་ཀྲུང་གོ་ཀྲུང་ཁྲེ་ཀྲུའུ་ཀྲོའུ་གློག་ཤུགས་མེ་འཁོར་ཚད་ཡོད་ཀུང་སི་འོས་སྦྱོར་བྱས་ཡོད། “ང་ཚོས་བསྡུར་བ་བྱས་པ་བརྒྱུད་ཁོང་ཚོས་བཟོས་པའི་ཐོན་རྫས་སྤུས་ཚད་ཡག་པོ་ཡོད་པ་མ་ཟད། སྐྱེལ་འདྲེན་ཐད་ཀྱི་ཉམས་བཟོའི་ཞབས་ཞུའང་ཡག་པོ་འདུག རིན་གོང་ཡང་རིགས་གཅིག་པའི་ཐོན་རྫས་ལས་ཁེ་བ་འདུག དེ་ནི་ང་ཚོས་ཀྲུང་ཁྲེ་ཀྲུའུ་ཀྲོའུ་གློག་ཤུགས་མེ་འཁོར་ཚད་ཡོད་ཀུང་སི་བདམས་པའི་རྒྱུ་མཚན་ཡིན། དུས་ཐེངས་དང་པོའི་ས་འོག་ལྕགས་ལམ་མྱུར་བགྲོད་མེ་འཁོར་རྩིས་སྤྲོད་བེད་སྤྱོད་བྱས་ནས་ད་བར་ང་ཚོས་གཉེར་སྐྱོང་གཞི་གྲངས་ལ་ལྟ་སྐུལ་ཚོད་འཛིན་བྱས་པར་གཞིགས་ན་དེ་ནི་རྒྱ་གར་ཡོངས་ཀྱི་ས་འོག་ལྕགས་ལམ་གྱི་མྱུར་བགྲོད་མེ་འཁོར་ཡག་ཤོས་དེ་རེད་འདུག”ཅེས་བཤད་པ་རེད།
          སྤྱོད་མཁན་མི་འདྲ་བའི་མངགས་ཐོའི་དགོས་མཁོར་གཞིགས་ཏེ་ལྗང་མདོག་རིག་ནུས་ཀྱི་འཕེལ་རྒྱས་ཁ་ཕྱོགས་ལ་དམིགས་ནས་ཡུལ་དེའི་ཕྱིར་སྐྱོད་དང་འཚམ་པའི་སྔོན་ཐོན་ཚན་རྩལ་ཐོན་རྫས་འཆར་འགོད་བྱེད་པ་དེ་ནི་ཀྲུང་ཁྲེ་ཀྲུའུ་ཀྲོའུ་གློག་ཤུགས་མེ་འཁོར་ཚད་ཡོད་ཀུང་སི་གོ་ལ་ཧྲིལ་པོའི་ལྕགས་ལམ་འགྲིམ་འགྲུལ་སྒྲིག་ཆས་ཁྲོམ་རའི་འགྲན་རྩོད་ཁྲོད་ནས་གཟེངས་སུ་ཐོན་པའི་ཐབས་ལམ་ཞིག་ཡིན་ཞེས་རྒྱ་གར་ཀྲུང་ཁྲེ་ཀྲུའུ་ཀྲོའུ་གློག་ཤུགས་མེ་འཁོར་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཝང་ཅིན་ཧྲེང་གིས་གསར་འགོད་པར་བཤད།
         ཝང་ཅིན་ཧྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱ་གར་ཀྲུང་ཁྲེ་ཀྲུའུ་ཀྲོའུ་གློག་ཤུགས་མེ་འཁོར་ཀུང་སི་ནི་ཀྲུང་ཁྲེ་ཀྲུའུ་ཀྲོའུ་གློག་ཤུགས་མེ་འཁོར་ཚད་ཡོད་ཀུང་སིས་རྒྱ་གར་དུ་བཙུགས་པའི་མ་དངུལ་ཆ་ཚང་བཏང་བའི་ཡན་ལག་ཀུང་སི་ཡིན་པ་དང་2015ལོའི་ཟླ་2པར་འབོམ་འབེལ་དུ་བཙུགས་པ་རེད། དེས་གཙོ་བོ་རྒྱ་གར་གྱི་ལྕགས་ལམ་འགྲིམ་འགྲུལ་ཁྲོམ་ར་གསར་འབྱེད་དང་ཐོན་རྫས་རྣམ་གྲངས་ལག་བསྟར་དང་དེ་བཞིན་བཙོངས་རྗེས་ཀྱི་ཉམས་བཟོའི་ཞབས་ཞུ་སོགས་ཀྱི་ལས་དོན་གྱི་འགན་འཁུར་གྱི་ཡོད།
        རྒྱ་གར་གྱི་ཁྲོམ་རར་ཀྲུང་ཁྲེ་ཀྲུའུ་ཀྲོའུ་གློག་ཤུགས་མེ་འཁོར་ཚད་ཡོད་ཀུང་སི་འཕེལ་རྒྱས་ཡག་པོ་བྱུང་བ་དེ་ལས་ཀྲུང་གོའི་ལྕགས་ལམ་འགྲིམ་འགྲུལ་ཐོན་རྫས་ཀྱིས་རང་ངོས་ཀྱི“མཐོ་བ་གཉིས་དང་དམའ་བ་གཅིག”སྟེ། ནུས་པ་མཐོ་བ་དང་ཡིད་རྟོན་རུང་བའི་རང་བཞིན་མཐོ་བ་དང་མ་གནས་དམའ་བར་བརྟེན་ནས་རྒྱལ་སྤྱིའི་ཁྲོམ་རའི་ཐོག་བསྔགས་བརྗོད་རྒྱ་ཁྱབ་ངང་ཐོབ་པར་བྱས་ཏེ་ས་གནས་དེ་གའི་མི་སེར་ཚོའི་ཕྱིར་སྐྱོད་ཐད་སྟབས་བདེ་བསྐྲུན་རྒྱུ་དེ་རེད།