འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་16ཉིན།

༄༅།།ཀྲུང་ཧྥེའི་མཉམ་ལས་ཁྲོད་ཀྲུང་གོའི་ཚོང་པས་བཏོན་པའི་ནུས་པ་ཇེ་ཆེར་འགྲོ་བཞིན་པ། 

—— གོ་ལ་ཧྲིལ་པོ་ཅན་གྱི་ཇུས་འདོན་ཚོགས་པའི་ཀྲུའུ་རེན་ཝང་ཧུའེ་ཡའོ་ལ་བཅར་འདྲི་བྱས་པའི་སྐོར། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་16ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          མི་དམངས་དྲ་བའི་འཕྲིན། ཨ་ཧྥེ་རི་ཁ་ནི་འབྱུང་འགྱུར་འཕེལ་རྒྱས་ཀྱི་སྐམ་ས་ཆེ་མོ་གསར་པ་ཞིག་ཡིན་ལ་ཀྲུང་གོའི་ཁེ་ལས་རྒྱལ་སྤྱི་ཅན་དུ་འགྱུར་བའི་འཕར་གཞི་གསར་པ་གལ་ཆེན་ཞིག་ཀྱང་རེད། སླད་ཕྱིན་ཀྲུང་ཧྥེའི་མཉམ་ལས་ཁྲོད་ཀྲུང་གོའི་ཚོང་པས་ནུས་པ་ཇེ་ཆེར་འདོན་རྒྱུ་རེད་ཅེས་གོ་ལ་ཧྲིལ་པོ་ཅན་གྱི་ཇུས་འདོན་ཚོགས་པའི(CCG)ཀྲུའུ་རེན་དང་ཚོང་དོན་པུའི་ཀྲུང་གོ་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཝང་ཧུའེ་ཡའོ་ཡིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས་དེ་ལྟར་བརྗོད་པ་རེད།
           ཝང་ཧུའེ་ཡའོ་ཡིས་ཀྲུང་གོའི་ཚོང་པ་ནི་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་གལ་ཆེན་ཞིག་ཡིན་སྟབས་ཀྲུང་གོའི་རིག་གནས་ཀྱི་རྨང་གཞི་རྩ་ལྡན་ལ་འཛམ་གླིང་གི་མིག་རྒྱང་ཡང་ལྡན་པས་ཀྲུང་གོ་དང་ཕྱི་རྒྱལ་གྱི་བསམ་བློ་མཉམ་དུ་འདྲེས་པའི་རྒྱལ་སྤྱིའི་ཤེས་ལྡན་མི་སྣ་ཞིག་རེད། ཀྲུང་གོའི་ཚོང་པ་འཛམ་གླིང་གི་དཔལ་འབྱོར་དང་གཅིག་ཏུ་འདྲེས་ཡོད་ལ་དེས་འཛམ་གླིང་གི་དཔལ་འབྱོར་ལ་ཡང་ཤུགས་རྐྱེན་གཏིང་ཟབ་ཐེབས་ཀྱི་ཡོད། ལྷག་པར་དུ་ཨ་ཧྥེ་རི་ཁར་ཡོད་པའི་ཀྲུང་གོའི་ཚོང་པས་ཀྲུང་ཧྥེའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བརྗོད།
          ཟླ་9ཚེས་4ཉིན་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་འཚོག་ཉེའི་མཚམས་སུ་སླེབས་པས་གོ་ལ་ཧྲིལ་པོ་ཅན་གྱི་ཇུས་འདོན་ཚོགས་པས“ཀྲུང་གོའི་ཚོང་པ་ཨ་ཧྥེ་རི་ཁར་ཡོད་པ”ཞེས་པའི་ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས་ཤིང་། བགྲོ་གླེང་ཚོགས་འདུའི་ཐོག་འགྲེམས་སྤེལ་བྱས་པའི་《འཛམ་གླིང་གི་ཀྲུང་གོའི་ཚོང་པའི་འཕེལ་རྒྱས་སྙན་ཞུ། 2018》ཅེས་པའི་དེབ་གསར་གཞིར་བཟུང་། ཀྲུང་ཧྥེའི་དབར་མཉམ་ལས་ལོ་མང་བྱས་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ལ་ཨ་ཧྥེ་རི་ཁར་ལས་ཀ་དང་ལས་ཞུགས་ཀྱི་གོ་སྐབས་ཁྲི་བརྒྱ་གྲངས་བཏོད་པ་དང་ཀྲུང་ཧྥེའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་འགག་རྩའི་ནུས་པ་བཏོན་ཡོད། དེ་ཀྲུང་གོའི་ཁེ་ལས་ཨ་ཧྥེ་རི་ཁར་ཧུར་ཐག་བསྐྱོད་པ་དང་རྒྱ་ཆེའི་ཀྲུང་གོའི་ཚོང་པས་ཨ་ཧྥེ་རི་ཁར་གཉེར་སྐྱོང་འཛུགས་སྐྲུན་བྱས་པ་དང་ཁ་འབྲལ་ཐབས་མེད།
          《འཛམ་གླིང་གི་ཀྲུང་གོའི་ཚོང་པའི་འཕེལ་རྒྱས་སྙན་ཞུ། 2018》གཞིར་བཟུང་། ཉེ་བའི་ལོའི་ནང་ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁར་མ་དངུལ་བཏང་བའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། 2016ལོའི་ལོ་མཇུག་ཏུ་ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁར་བཙུགས་པའི་ས་ཁོངས་ཕྱིའི་ཁེ་ལས་3254ཡོད་པ་དེས་ས་ཁོངས་ཕྱིར་བཙུགས་པའི་ཁེ་ལས་གྲངས་འབོར་གྱི་8.8%བཟུང་ཡོད། དེ་དག་གཙོ་བོ་ཙན་པི་ཡ་དང་། ནི་ཀྲེ་རི་ཡ། ཨེ་ཙེ་ཨོ་ཕི་ཡ། ལྷོ་ཨ་ཧྥེ་རི་ཁ། ཐན་ཙན་ནི་ཡ། ཁེན་ནི་ཡ། ཀག་ན། ཨན་ཀོ་ལ། ཝུ་ཀན་ཏ་སོགས་སུ་ཁྱབ་ཡོད། སྙན་ཞུའི་ནང་ད་དུང་ཀྲུང་གོའི་ཚོང་པ་ཨ་ཧྥེ་རི་ཁར་སྐྱོད་པའི་འཕེལ་ཕྱོགས་གསར་པ་ཤེས་རྟོགས་བྱུང་ཡོད།
           ཀྲུང་གོའི་ཚོང་དོན་པུའི་བསྡོམས་རྩིས་ནང་། 2017ལོའི་ལོ་མཇུག་བར་ཀྲུང་གོས་ཨ་ཧྥེ་རི་ཁར་རིགས་ཁག་གི་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་1000ལས་བརྒལ་ནས་དེ་དག་ཧ་ལམ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཚང་མར་ཁྱབ་ཡོད། 2017ལོར་ཀྲུང་གོས་ཨ་ཧྥེ་རི་ཁར་ཐད་ཀའི་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་31ཟིན་པས་2003ལོའི་ལྡབ་40ཙམ་ཡིན་པ་རེད།
          ཝང་ཧུའེ་ཡའོ་ཡིས་གཞུང་ཁོངས་ཁེ་ལས་ཕུད། ཉེ་བའི་ལོའི་ནང་དམངས་གཉེར་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁར་མ་དངུལ་གཏོང་ཚད་ཇེ་མང་དུ་ཕྱིན་ནས་ཨ་ཧྥེ་རི་ཁར་མ་དངུལ་གཏོང་མཁན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད་པས་དེས“ཨ་ཧྥེ་རི་ཁའི་བཟོ་སྐྲུན”གྱི་རྣམ་པར་སྐུལ་འདེད་གཏོང་རོགས་བྱས་ཡོད། དཔེར་ན། ཧྭ་ཅན་ཚོགས་པས་2011ལོར་ཨ་ཧྥེ་རི་ཁར་ཧྭ་ཅན་རྒྱལ་སྤྱིའི་ལྷམ་གྲོང་བཙུགས་པ་དང་ད་ཆ་གླིང་ཁུལ་ཞིག་ཏུ་གྱུར་ནས་ཨ་ཧྥེ་རི་ཁའི་ལས་མི་7000གླས་ཏེ་ཨེ་ཙེ་ཨོ་ཕི་ཡའི་ལྷམ་བཟོ་གྲྭ་ཆེ་ཤོས་ཡིན་པ་དེས་རྒྱལ་ཁབ་དེའི་ལྷམ་ཕྱིར་གཏོང་གི་གཞི་ཁྱོན་ཕྱེད་ཀ་ཡན་བཟུང་ཡོད། 2015ལོ་ནས་བཟུང་བསྐྲུན་པའི་ཨེ་ཙེ་ཨོ་ཕི་ཡའི་ཀྲུང་གོའི་ཧྭ་ཅན་རྒྱལ་སྤྱིའི་ཡང་བའི་བཟོ་ལས་གྲོང་ལ་སྔོན་རྩིས་བྱས་ན་མ་དངུལ་ཨ་སྒོར་དུང་ཕྱུར་20གཏོང་རྩིས་ཡོད་པ་དང་2020ལོར་ལས་མཇུག་འགྲིལ་རྒྱུ་རེད། སྐབས་དེ་དུས་ཨེ་ཙེ་ཨོ་ཕི་ཡའི་ཡང་བའི་བཟོ་ལས་འཕེལ་རྒྱས་ཀྱི་མདོ་གནས་གསར་པ་ཞིག་ཏུ་གྱུར་ནས་ལས་གནས་ཁྲི་3ལྷག་མཁོ་འདོན་བྱ་རྒྱུ་དང་དུས་མཚུངས་ཀྲུང་གོའི་ཡང་བའི་བཟོ་ལས་ཀྱི་ཁེ་ལས་ཕྱིར་བསྐྱོད་རྒྱུར་སྐུལ་ཁྲིད་བྱས་ནས་ཨ་ཧྥེ་རི་ཁར་མཉམ་དུ་འཕེལ་རྒྱས་གཏོང་རྒྱུ་ཡིན་པ་རེད་ཅེས་བརྗོད།
          ཝང་ཧུའེ་ཡའོ་ཡིས་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་ནི་ཤེས་ལྡན་མི་སྣའི་བང་མཛོད་ལྟ་བུ་དང་ཐོན་ཁུངས་གལ་ཆེན་ཞིག་ཡིན། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ལྷག་རིང་། ཀྲུང་གོས་ཕྱི་དངུལ་ནང་འདྲེན་བྱེད་པའི་བརྒྱུད་རིམ་ནང་ཀྲུང་གོའི་ཚོང་པས་གལ་འགངས་ཆེ་བའི་ནུས་པ་བཏོན་ཡོད། སླད་ཕྱིན་ང་ཚོ་ཕྱིར་སྐྱོད་པར་ད་དུང་ཀྲུང་གོའི་ཚོང་པར་བརྟེན་དགོས། དེ་ལྟར་བྱས་ཚེ་གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་ཐུབ་ཅེས་བརྗོད།