འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་15ཉིན།

༄༅།།ཀྲུང་གོས་གོ་ལ་ཧྲིལ་པོའི་སྣེ་འཁྲིད་དེ་གནམ་གཤིས་དྲོ་རུ་འགྲོ་བར་ཁ་གཏད་གཅོག་པའི་བྱ་སྤྱོད་ལ་ལས་རིགས་ཁག་གི་བསྔགས་བརྗོད་ཐོབ་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་15ཉིན། 13:01】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་སྣོད་བཅུད་ཁོར་ཡུག་པུའུ་དང་ཨ་རིའི་ཅ་ལི་ཕུའུ་ཉི་ཡ་ཀྲོའུ་སྲིད་གཞུང་གིས་མཉམ་དུ་གཉེར་བའི་གོ་ལ་ཧྲིལ་པོའི་གནམ་གཤིས་བྱ་སྤྱོད་དབུ་ཚོགས་ཀྱི“ཀྲུང་གོ་གཙོ་བོར་བྱེད་པའི”བྱེད་སྒོ་རབ་དང་རིམ་པ་ཚེས་12ཉིན་ཨ་རིའི་ཅིའུ་ཅིན་ཧྲན་དུ་སྤེལ་འགོ་ཚུགས་པ་རེད། ཚོགས་ཞུགས་ལས་རིགས་ཁག་གི་འཐུས་མིས་འགོ་ཚུགས་མཛད་སྒོའི་ཐོག་གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ཁྱབ་ཁོངས་ལ་ཁ་གཏད་གཅོག་པའི་ཐད་དུས་ཚོད་དམ་འཛིན་བྱེད་བཞིན་ཡོད་པའི་ཁྲོད་ཀྲུང་གོའི“སྔོན་སྐྱོད”ནུས་པར་བསྔགས་བརྗོད་བྱེད་རིན་ཡོད་པ་ཞིག་རེད་ཅེས་བཤད།
         ཀྲུང་གོའི་གནམ་གཤིས་འགྱུར་ལྡོག་ལས་དོན་གྱི་དམིགས་བསལ་འཐུས་མི་ཅེ་ཀྲེན་ཧྭ་ཡིས“ཀྲུང་གོ་གཙོ་བོར་བྱེད་པའི”བྱེད་སྒོ་རབ་དང་རིམ་པའི་འགོ་ཚུགས་མཛད་སྒོའི་ཐོག་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་བཅོས་སྒྲིག་བྱེད་པའི་ནང་ཀྲུང་གོ་ཞུགས་པའི་ནུས་པ་དང་དེ་བཞིན་གོམ་སྟབས་རྗེས་མའི་འཆར་གཞི་ངོ་སྤྲོད་བྱས་ཤིང་། ཁོང་གིས“གནམ་གཤིས་འགྱུར་ལྡོག་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཕྲད་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་རྩོད་གལ་ཆེན་ཞིག་ཡིན་པས་ཀྲུང་གོའི་འགོ་ཁྲིད་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་ནི་ཀྲུང་གོས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་ནང་གནས་ཀྱི་བླང་བྱ་ཞིག་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་འགན་འཁྲི་ཁུར་བ་ཞིག་ཡིན་པས་ཀྲུང་གོས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད་ལེགས་སྐྱེས་འབུལ་དགོས་ངེས་ཡིན་པའི་ནན་བཤད་ཐེངས་མང་གནང་ཡོད”ཅེས་བཤད།
        ཨ་རིའི་ཅ་ཀྲོའུ་ཡི་ཀྲོའུ་ཀྲང་ཅེ་ལི·པུའུ་ལང་དང་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་》ཀྱི་དྲུང་ཆེ་ཁྲུའི་ལག་བསྟར་དྲུང་ཆེ་ཕ་ཐེ་ལི་ཤ·ཨའེ་སི་ཕི་ནོའུ་ས། ཨ་རིའི་ཙུང་ཐུང་གཞོན་པ་ཟུར་པ་ཨའར·ཀེའར་སོགས་ཀྱིས་ཤིས་ཚིག་གསུང་སྐབས་ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད་སྣེ་འཁྲིད་ཀྱི་ནུས་པ་བཏོན་པར་བསྔགས་བརྗོད་བྱས་པ་དང་འབྲེལ་ཡོད་ཕྱོགས་ཀྱིས་མུ་མཐུད་ཀྲུང་གོའི་འབྲེལ་ཡོད་ཐད་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་ལྗང་མདོག་ཐཱན་ཉུང་དང་ཕྱོགས་སྒྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།
       ཁོར་ཡུག་སྲུང་སྐྱོང་དར་སྤེལ་གཏོང་མཁན་ཞིག་ཡིན་པའི་ངོས་ནས་ཀེའར་གྱིས་ཤིས་ཚིག་གསུང་སྐབས་ཀྲུང་གོས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་འགྲོ་བའི་ཁྱབ་ཁོངས་ལ་ཁ་གཏད་གཅོག་པའི་འགོ་ཁྲིད་ཀྱི་ནུས་པ་ཧ་ཅང་མངོན་གསལ་དོད་པོ་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་ཅ་ཀྲོའུ་སྲིད་གཞུང་དང་མཉམ་འབྲེལ་ཐོག་དེ་གའི་ཁྱབ་ཁོངས་སུ་ཐུན་མོང་ཐོག་འགོ་ཁྲིད་ཀྱི་ནུས་པ་འདོན་རྒྱུ་ནི་ཆེས་གལ་ཆེ་བའི་འཕེལ་རྒྱས་ཀྱི་སྒུལ་ཕྱོགས་ཤིག་རེད་ཅེས་བརྗོད་པ་དང་ཁོང་གིས་ཀྲུང་གོས་ནུས་རྒྱུ་གཙང་མའི་མ་འཇོག་དང་མ་རྩ་བསྡུ་སྒྲིལ་ཐད་གོ་ལ་ཧྲིལ་པོའི་སྣེ་འཁྲིད་དེ་2017ལོར་ཀྲུང་གོས་ནུས་རྒྱུ་གཙང་མའི་ཐད་མ་དངུལ་བཏང་བ་དེས་གོ་ལ་ཧྲིལ་པོའི་མ་དངུལ་བསྡོམས་འབོར་གྱི་40%ཙམ་བཟུང་བའི་སྐོར་དམིགས་བསལ་ཐོག་བརྗོད་ཡོད།
      གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་བྱ་སྤྱོད་ལ་སྐུལ་འདེད་གཏོང་ཆེད། ཅ་ཀྲོའུ་སྲིད་གཞུང་གིས་འདི་ལོའི་ཟླ་9ཚེས་12ནས་14ཉིན་བར་གོ་ལ་ཧྲིལ་པོའི་གནམ་གཤིས་བྱ་སྤྱོད་དབུ་ཚོགས་གཙོ་གཉེར་བྱ་རྒྱུའི་གཏན་འཁེལ་བྱས་པ་དང་ཆབས་ཅིག་གཉེར་བའི“ཀྲུང་གོ་གཙོ་བོར་བྱེད་པའི”བྱེད་སྒོ་རབ་དང་རིམ་པ་ནི་དབུ་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད།