འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་14ཉིན།

༄༅།།ཀུའེ་ཀྲོའུ་ཡིས“ཕྱི་ནང”མཉམ་འགུལ་ལ་བརྟེན་ནས་སྒོ་དབྱེ་རྣམ་པའི་དབུལ་སྐྱོར་བྱེད་སྟངས་འཚོལ་ཞིབ་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་14ཉིན། 15:47】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཀུའེ་ཀྲོའུ་ཡི་སྐམ་སའི་དབུས་ཁུལ་གྱི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་གནས་ཚུལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་གཉིས་ནང་ཀུའེ་ཀྲོའུ་ཞིང་ཆེན་གྱིས་ཁ་གཏད་རོགས་སྐྱོར་བྱེད་ཟབ་ཏུ་གཏོང་བ་དང་། སྤྱི་ཚོགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་སྤྱིའི་དབུལ་པོ་ཉུང་གཏོང་གི་མཉམ་ལས་རྒྱ་ཆེར་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། ཞིང་ཆེན་ཕྱི་ནང་གི་སྟོབས་ཤུགས་ཁག་གཉིས་དང་། སྒྲིག་གཞིའི་ཕྱི་ནང་གི་རྒྱུ་རྐྱེན་ཁག་གཉིས། རྒྱལ་ཁབ་ཕྱི་ནང་གི་ཐོན་ཁུངས་ཁག་གཉིས་བཅས་སྐོང་འཐེན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ནང་ཞུགས་པར་བརྟེན་སྐམ་སའི་དབུས་ཁུལ་གྱི་སྒོ་དབྱེ་རྣམ་པའི་དབུལ་སྐྱོར་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་རགས་ཙམ་ཐོབ་པ་རེད།
          ཁ་གཏད་རོགས་སྐྱོར་ཐད། 2016ལོ་དང་2017ལོར་ཤར་ནུབ་མཉམ་སྒྲུབ་རོགས་སྐྱོར་གྲོང་ཁྱེར་7གྱིས་ཀུའེ་ཀྲོའུ་གྲོང་ཁྱེར་ལ་ནོར་སྲིད་རོགས་སྐྱོར་མ་དངུལ་ཁྱོན་སྒོར་དུང་ཕྱུར་13.13བཏང་ནས་རོགས་སྐྱོར་རྣམ་གྲངས་782ལག་བསྟར་བྱས་པས། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་30.08ལ་ཐད་ཀར་ཕན་པ་ཐོབ་ཡོད། 2018ལོར་ཤར་ནུབ་མཉམ་སྒྲུབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་18.05གནད་ལ་འཁྱོལ་བ་བྱས་ཏེ་དབུལ་སྐྱོར་རྣམ་གྲངས་691ལག་བསྟར་བྱ་རྒྱུའི་བཀོད་སྒྲིག་བྱས་པས། དུད་ཚང་དབུལ་པོའི་མི་ཁྲི་21.24ལ་ཐད་ཀར་ཕན་པ་ཐོབ་རྒྱུ་རེད།
       སྤྱི་ཚོགས་རོགས་སྐྱོར་ཐད། དམངས་གཉེར་ཁེ་ལས་ཀྱི“ཁེ་ལས་སྟོང་གིས་གྲོང་ཚོ་སྟོང་ལ་རོགས་སྐྱོར་བྱེད་པའི”གནད་སྨིན་དབུལ་སྐྱོར་གྱི་བྱ་སྤྱོད་ལ་རིམ་པ་བཞིན་སྐུལ་འདེད་བཏང་ནས་དམངས་གཉེར་ཁེ་ལས་3168དང་ཀུའེ་ཀྲོའུ་ཡི་གྲོང་ཚོ་3520དབར་ཆ་སྒྲིག་གི་འབྲེལ་བ་བཙུགས་པ་དང་སྤྱི་ཚོགས་རོགས་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར་137.8དོན་འཁྱོལ་བྱས་པས་མི་འབོར་དབུལ་པོ་ཁྲི་77ལྷག་ལ་ཕན་པ་ཐོབ་པ་རེད། གཞན་ཡང་ཧེང་ཏ་ཚོགས་པས་མ་དངུལ་སྒོར་དུང་ཕྱུར་110བཏང་ནས་པི་ཅེ་གྲོང་ཁྱེར་ལ་རོགས་སྐྱོར་བྱས་པ་དང་དབན་ཏ་ཚོགས་པས་སྒོར་དུང་ཕྱུར་15བཏང་ནས་ཏེན་ཀྲའེ་རྫོང་ལ་རོགས་སྐྱོར་བྱས་པ་རེད།
       རྒྱལ་སྤྱིའི་དབུལ་པོ་ཉུང་གཏོང་གི་མཉམ་ལས་ཐད། ཀུའེ་ཀྲོའུ་ཞིང་ཆེན་ལ་འཛམ་གླིང་དངུལ་ཁང་གི་དངུལ་བུན་ཨ་སྒོར་དུང་ཕྱུར་3.5རག་པ་དང་ཧྥ་རན་སེ་གསར་སྤེལ་ཧྲུའུ་ཡི་དངུལ་བུན་ཡོ་སྒོར་དུང་ཕྱུར་1རག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་རྣམ་གྲངས་འཛུགས་སྐྲུན་བྱས་པ་དང་འབྲེལ་གོ་ལ་ཧྲིལ་པོའི་དྲ་ཐོག་ཚོང་དོན་གྱི་དབུལ་པོ་ཉུང་གཏོང་གི་ཚོགས་ཆེན་བདེ་བླག་ངང་འཚོགས་པ་རེད།
        2016ལོའི་ཟླ་8པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་བཀོད་བཀའ་ལན་ཐོབ་ནས་ཀུའེ་ཀྲོའུ་ཡི་སྐམ་སའི་དབུས་ཁུལ་གྱི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་ཚོད་ལྟ་ཁུལ་བཙུགས་པ་དང་ཀུའེ་ཀྲོའུ་ལ་སྐམ་སའི་དབུས་ཁུལ་གྱི་མ་འཇོག་ཚོང་དོན་སྟབས་བདེ་ཅན་གྱི་ཚོད་ལྟ་ཁུལ་དང་། དེང་རབས་ཐོན་ལས་འཕེལ་རྒྱས་ཚོད་ལྟ་ཁུལ། སྐམ་སའི་དབུས་ཁུལ་གྱི་སྒོ་དབྱེ་རྣམ་པའི་དབུལ་སྐྱོར་ཚོད་ལྟ་ཁུལ་བཅས་བསྐྲུན་རྒྱུར་ཤུགས་རྒྱག་དགོས་པའི་བླང་བྱ་བཏོན་ཡོད། 《ཀུའེ་ཀྲོའུ་ཡི་སྐམ་སའི་དབུས་ཁུལ་གྱི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་ལས་ཀའི་ཇུས་གཞི་》གཞིར་བཟུང་། སྒོ་དབྱེ་རྣམ་པའི་དབུལ་སྐྱོར་ནི་སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་རང་བཞིན་དང་། རྒྱ་ཁྱབ་རང་བཞིན། ནང་ཞུགས་རང་བཞིན་བཅས་རྩ་དོན་དུ་བྱས་ནས་དབུལ་སྐྱོར་གྱི་གྲུབ་ཆ་གཙོ་བོ་སྒོ་དབྱེ་དང་། དབུལ་སྐྱོར་གྱི་ཁྱབ་ཁོངས་སྒོ་དབྱེ། དབུལ་སྐྱོར་གྱི་ཐོན་ཁུངས་སྒོ་དབྱེ་བཅས་ཀྱི་དཔལ་འབྱོར་འཁོར་རྒྱུག་བྱེད་སྟངས་དང་རྣམ་པ་བསྐྲུན་རྒྱུ་ཞིག་རེད།