འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་14ཉིན།

༄༅།།མཚོ་སྔོན་གྱིས་མ་བུ་བདེ་འཇགས་ཀྱི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་14ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། 《མཚོ་སྔོན་ཞིང་ཆེན་གྱི་མ་བུ་བདེ་འཇགས་ཀྱི་བྱ་སྤྱོད་འཆར་གཞི(2018ལོ་ནས་2020ལོ་བར)》གཞིར་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་མ་བུ་བདེ་འཇགས་ཀྱི་བྱ་སྤྱོད་སྤེལ་བ་བརྒྱུད་མ་བུ་བདེ་ཐང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་སྦྲུམ་མ་དང་དང་ཕྲུ་གུ་དམར་འབྱར་ཤི་ཚད་དམའ་རུ་གཏོང་རྒྱུའི་འཆར་གཞི་ཡོད་པ་རེད།
      ངོ་སྤྲོད་བྱས་པར་གཞིགས་ན། མ་བུ་བདེ་འཇགས་ཀྱི་བྱ་སྤྱོད་ཀྱི་ཁྱབ་ཁོངས་ནི་སྐྱེ་གཡོག་ལག་རྩལ་གྱི་ཞབས་འདེགས་ཞུ་མཁན་སྨན་བཅོས་སྒྲིག་གཞི་དང་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང(སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས)ཡིན་པ་དང་གཙོ་གནད་ནི་རྫོང་རིམ་པ་ཡན་གྱི་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་དང་། མ་བུ་བདེ་སྲུང་ཁང་། བུད་མེད་དང་བུ་བཙའ་སྨན་ཁང་བཅས་ཡིན་པ་རེད། འཆར་གཞིའི་ནང་བདེ་ཐང་སློབ་གསོ་དང་བདེ་ཐང་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། སྐྱེ་གསོའི་བདེ་ཐང་ཤེས་བྱ་ཁྱབ་གདལ་གཏོང་བ། མང་ཚོགས་ཀྱི་བདེ་ཐང་གི་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་སྦྲུམ་མ་ཚང་མ་རང་ངོས་ཀྱི་བདེ་ཐང་གི་འགན་འཁྲི་བ་ཨང་དང་པོར་གྱུར་བར་བྱེད་དགོས་པ་དང་སྨན་བཅོས་བདེ་སྲུང་གི་བྱེད་སྒོར་ཧུར་ཐག་ཞུགས་པ་དང་གཞོགས་འདེགས་ཧུར་ཐག་བྱས་ནས་རང་ངོས་ཀྱི་བདེ་སྲུང་དང་ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་ཞེས་བླང་བྱ་བཏོན་པ་རེད།
     འཆར་གཞིའི་ནང་བུད་མེད་ཀྱི་རྨང་གཞིའི་བདེ་ཐང་གནས་ཚུལ་དང་། སྐྱེ་གསོའི་ནུས་པ། ལོ་ན་སོགས་ལ་ཕྱོགས་བསྡུས་ཐོག་ཚོད་སྐོར་བྱས་ཏེ་མངལ་ཆགས་ཚད་དང་དེའི་ཉེན་ཁ་ཤུགས་སུ་བརྗོད་ནས་མང་ཚོགས་ལ་ལོ་ན་མཐོ་པོར་མངལ་འཁོར་ན་ཉེན་ཁ་ཆེན་པོ་ཡོད་པར་ངོས་འཛིན་ཡང་དག་ཐུབ་པའི་ཁྲིད་སྟོན་བྱེད་དགོས། མངལ་འཁོར་བའི་ཉེན་ཁར་དབྱེ་ན། “གསེར་མདོག”དང་། “ལི་མདོག”“དམར་མདོག” “སྨུག་མདོག”བཅས་ཀྱི་རིམ་པ་མི་འདྲ་བ་ཡོད་པས་སྦྲུམ་མ་དེ་རིགས་རིམ་པ་གཉིས་པ་ཡན་གྱི་སྨན་བཅོས་སྒྲིག་གཞིར་མངལ་འཁོར་བ་དང་བུ་བཙའི་དུས་ཀྱི་བདེ་སྲུང་ཞབས་འདེགས་དང་ལེན་དང་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་དགོས། ནད་གཞི་ཕོག་ནས་སྲོག་ལ་ཉེན་ཁ་ཡོད་སྲིད་པའི་སྦྲུམ་མར་ཀྲུའུ་རེན་གཞོན་པ་ཡན་གྱི་གོ་མིང་ཡོད་པའི་སྨན་པ་དཀའ་བཅུ་པས་བརྟག་དཔྱད་དང་སྨན་བཅོས་བྱེད་དགོས་པ་དང་། མུ་མཐུད་མངལ་འཁོར་ན་ཉེན་ཁ་ཡོད་ལུགས་བརྗོད་དགོས་པ། ཚན་རིག་དང་མཐུན་ལ་དོ་ནན་པའི་གསོ་རིག་གི་གྲོས་འགོ་འདོན་དགོས་པ་བཅས་གསལ་སྟོན་བྱས་ཡོད།