འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་14ཉིན།

༄༅།།མཚོ་སྔོན་གྱིས་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱེད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་14ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་དཔྱད་ཞིབ་འགོ་ཁྲིད་ཚོགས་ཆུང་གིས་སྣོད་བཅུད་སྲུང་སྐྱོང་གི་དཔྱད་ཞིབ་དམིགས་ཚད་ཡག་པོ་བསྒྲུབས་ནས། ས་གནས་ཁག་དང་ཚན་པ་ཁག་ལ་སྣོད་བཅུད་ཀྱི་དམར་ཐིག་དུས་དང་རྣམ་པ་ཀུན་ཏུ་ཡག་པོ་བསྲུངས་ནས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་རྒྱུའི་སྐུལ་འདེད་བཏང་བ་རེད། མཚོ་སྔོན་གྱིས་སྣོད་བཅུད་སྲུང་སྐྱོང་སྔོན་ལ་འཇོག་པའི་འདུ་ཤེས་ལྟར་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བླང་བྱ་ཁག་མཐུན་སྦྱོར་བྱས་ནས་སྣོད་བཅུད་མ་ལག་སྲུང་སྐྱོང་སླར་གསོ་དང་། ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག སྣོད་བཅུད་དཔལ་འབྱོར་འཕེལ་རྒྱས། སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་སོགས་ཀྱི་གཙོ་གནད་ལས་དོན་མངོན་གསལ་དོད་པོ་ཡོང་བ་བྱས་ཐོག་སྣོད་བཅུད་ལས་གྲྭ་དང་། ནུས་རྒྱུ་བསྲི་ཚགས། བཙོག་འབུད་ཉུང་གཏོང་། ཁོར་ཡུག་བཅོས་སྒྲིག ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་སོགས་ཀྱི་ནང་དོན་རིམ་ཁག་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་ལོ་འཁོར་གྱི་དམིགས་ཚད་འགན་འཁྲིའི(ལས་རྗེས)དཔྱད་ཞིབ་དམིགས་ཚད་ཁོངས་སུ་བཅུག་པ་དང་ཆབས་ཅིག ཀྲོའུ་དང་རྫོང་དང་ཞིང་ཆེན་ཐད་གཏོགས་སྡེ་ཚན་ཁག་གཅིག་ལ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟའི་ལས་འགན་དོན་འཁྱོལ་བྱེད་པའི་དཔྱད་ཞིབ་ནང་དོན་ཡང་གསར་དུ་བསྣན་པ་དང་། སྣོད་བཅུད་སྲུང་སྐྱོང་དཔྱད་ཞིབ་ཀྱི་དམིགས་ཚད་དོན་ཚན་ཆེན་པོ་9ནས་ཆུ་བེད་སྤྱོད་ཀྱི་བསྡོམས་འབོར་ཚོད་འཛིན་དང་། ཆུའི་སྤུས་ཚད་ལོན་པ། སྦགས་བཙོག་དངོས་རིགས་གཙོ་བོའི་སྤྱི་འབོར་ཚོད་འཛིན། གྲོང་ཁྱེར་གྱི་བཙོག་ཆུ་དང་འཚོ་བའི་གད་སྙིགས་གཙང་སེལ། ས་ནག་ཐང་བཅོས་སྒྲིག རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་འགོག་བཅོས། འདམ་ར་སྲུང་སྐྱོང་། རི་རྒྱ་བསྡམས་ནས་ནགས་གསོ་སོགས་དོན་ཚན་25ལ་དབྱེ་ནས། ཞིང་ཆེན་རིམ་པའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་ཁུལ་གཙོ་བོའི་རྫོང(གྲོང་ཁྱེར་དང་ཆུས)8དང་གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་གྱི་རྫོང་20ཡི་GDPདང་། བཟོ་ལས་ཀྱི་རིན་ཐང་འཕར་མ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པ། ནོར་སྲིད་ཡོང་འབབ་བཅས་དཔྱད་ཞིབ་དམིགས་ཚད་བཞི་མེད་པར་བཟོས་ཏེ། ས་གནས་ཁག་དང་ཚན་པ་ཁག་གིས་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལྟར་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་བསྟར་དོན་འཁྱོལ་བྱས་ཐོག་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། སྤུས་ཚད་མཐོ་བའི་འཚོ་བ་གཏོད་རྒྱུ་བཅས་ལ་དམ་པོར་དམིགས་ནས། ཚན་རྩལ་ཐོན་རྫས་རིན་ཐང་དང་། ནུས་རྒྱུ་བསྲི་ཚགས། ཁོར་ཡུག་སྲུང་སྐྱོང་། མཐོ་གསར་ལག་རྩལ་ཐོན་ལས། ཡུལ་སྐོར་ལས་རིགས། རིག་གནས་ཐོན་ལས། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས། བཟོ་ལས་འཕེལ་རྒྱས་ཀྱི་ཚན་རྩལ་མ་འཇོག་སོགས་ཀྱི་ནང་དོན་ས་གནས་ཁག་དང་ཚན་པ་ཁག་དང་བཟོ་ལས་གླིང་ཁག་གི་ལོ་འཁོར་གྱི་དཔྱད་ཞིབ་དམིགས་ཚད་ཀྱི་ཁོངས་སུ་བཅུག་སྟེ། བོད་རིགས་ས་ཁུལ་གྱི་ཀྲོའུ་6ལ་སྣོད་བཅུད་དཔལ་འབྱོར་ནགས་ཤིང་དང་། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་སྐྱེད་སྲིང་། ལྗང་མདོག་བཟོ་ལས་ཀྱི་རིན་ཐང་འཕར་མ་འཕར་བ། མི་རིགས་ལག་ཤེས་བཟོ་ལས་ཀྱི་ཕྱིར་ཚོང་ཡོང་འབབ་སོགས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཚོན་པའི་ལྗང་མདོག་ཐོན་ལས་འཕེལ་རྒྱས་ཀྱི་དམིགས་ཚད་9གཅིག་གྱུར་ངང་གསར་དུ་བསྣན་པ་དང་། གནས་ཚད་25%ཡན་བར་འཕར་ཡོད་པ་རེད།