འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་13ཉིན།

༄༅།།“ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས”ཀྱི་འགྲེམས་སྟོན་
མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝའི་སྤྱི་ཁྱབ་པུའུ་རུ་འཚོགས་པ། 

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཉེ་ཞའོ་དབྱང་དང་། ཧྲི་ཅན་གོ 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་13ཉིན། 12:34】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
       མི་དམངས་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་39པའི་འགོ་ཚུགས་ཉིན་མོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝར་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པས་མཉམ་དུ་གཙོ་གཉེར་བྱས་པའི“ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས”ཀྱི་འགྲེམས་སྟོན་ཚེས་10ཉིན་མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝའི་སྤྱི་ཁྱབ་པུའུ་གནས་སའི་དབན་གོ་ཕོ་བྲང་དུ་འགོ་ཚུགས་པ་རེད།
        ད་ཐེངས་ཀྱི་འགྲེམས་སྟོན་ཐོག་པར་རིས་90ཡོད་པའི་ཁྱོན་འགྲེམས་པང་38འགྲེམས་སྟོན་བྱས་པ་དང་ཆབས་ཅིག་ཀྲུང་གོའི་དབུལ་སྐྱོར་གྲུབ་འབྲས་མཚོན་པའི་བརྙན་ལམ་རེས་འཁོར་ངང་བསྟན་པ་རེད། གསར་འགོད་པས་འགྲེམས་སྟོན་གྱི་པར་རིས་ནང་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་ཀྲུང་གོས་མི་དམངས་ཀྱི་ལྟོ་གོས་གནད་དོན་ཐག་གཅོད་དང་མི་འབོར་དབུལ་པོ་དུང་ཕྱུར་7ཉུང་དུ་བཏང་བའི་གནས་ཚུལ་ཡོད་ལ། ཀྲུང་གོའི་ལོ་དགུའི་ལམ་ལུགས་ཀྱི་འོས་འགན་སློབ་གསོ་ཕྱོགས་ཡོངས་ནས་ཁྱབ་རྒྱུ་མངོན་འགྱུར་བྱུང་བ་དང་འཛམ་གླིང་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་དམངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་མ་ལག་དང་སྤྱི་ཚོགས་འགན་ལེན་ལམ་ལུགས་བཙུགས་པའི་ལོ་རྒྱུས་རང་བཞིན་གྱི་ནང་དོན་ཡང་ཡོད་པ་མཐོང་། དེ་དང་ཆབས་ཅིག་གཞི་རིམ་གྱི་དམངས་གཙོའི་འདེམས་བསྐོ་དང་། རིག་གནས་འཕེལ་རྒྱས། སྣོད་བཅུད་སྲུང་སྐྱོང་བཅས་དང་དེ་བཞིན་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ནང་ཞུགས་པ་སོགས་ཀྱི་ནང་དོན་མཚོན་པའི་པར་རིས་མང་པོ་ཡོད་པ་དེ་དག་གིས་ལྟ་སྐོར་བ་ཚོར་གསོན་ཉམས་དོད་པོའི་སྒོ་ནས་ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཁག་ལ་མུ་མཐུད་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་རྗེས་ཤུལ་མངོན་པར་བྱས་ཡོད།
         མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝར་རྒྱུན་སྡོད་ཀྲུང་གོའི་དོན་གཅོད་ཁྲུའུ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་གྱི་འཐུས་མི་ཡུས་ཅན་ཧྭ་ཡིས་ཤིས་ཚིག་གསུང་སྐབས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་མིག་ལྡན་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་དེའི་འགག་རྩ་ནི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་དང་དམིགས་བསལ་རང་བཞིན་ཟུང་འབྲེལ་བྱས་ནས་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་དབང་ཆ་དེ་སྤྱི་དམངས་ཀྱི་དབང་ཆ་དང་ཆབ་སྲིད་ཀྱི་དབང་ཆ་དང་མཐུན་སྦྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་རྒྱུ་དང་། ཁྲིམས་སྐྱོང་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་རྒྱུ། སྒོ་དབྱེར་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་རྒྱུ་བཅས་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ་དེ་ཡིན་ཞེས་གསུངས།
        རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་དཔོན་རིགས་ལི་ཞའོ་ཅུན་གྱི་ཤིས་ཚིག་ནང་རང་ཉིད་ཀྱི་མྱོང་བ་དང་ཟུང་འབྲེལ་བྱས་ནས་སྒྱུར་བཅོས་སྒོ་དབྱེས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ལུགས་ངོ་སྤྲོད་གནང་བ་དང་། ཀྲུང་གོས་དབུལ་ཕོངས་ཉུང་དུ་གཏོང་རྒྱུ་དེ་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བ་དང་སྲུང་སྐྱོང་བྱེད་པའི་གཙོ་གནད་དུ་བརྩི་བ་དང་། ཉེ་བའི་ལོ་ཤས་རིང་ཀྲུང་གོར་ཆ་སྙོམས་ཟླ་བ་རེར་ཞིང་འབྲོག་པའི་མི་འབོར་དབུལ་པོ་ཁྲི་100ལྷག་ཙམ་དབུལ་སྒྲོལ་ཐུབ་ནས་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ངོ་མཚར་བཏོད་ཡོད་ཅེས་ནན་བཤད་གནང་བ་རེད།
        མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝར་རྒྱུན་སྡོད་ཁུ་པའི་འཐུས་མི་ཁེ་ཏེ་ལུའོ་སུའུ་ཡིས་ད་རེས་ཀྱི་འགྲེམས་སྟོན་གྱིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཕོ་ཉ་ཚོགས་པ་དང་དེ་བཞིན་རིགས་ཁག་གི་རྒྱལ་སྤྱིའི་རྩ་འཛུགས་ལ་གོ་སྐབས་བཟང་པོ་མཁོ་འདོན་བྱས་པ་དང་། མི་རྣམས་ཀྱིས་དབུལ་ཕོངས་ཉུང་གཏོང་དང་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོང་བྱེད་པའི་ཐད་ཀྲུང་གོར་ཐོབ་པའི་གྲུབ་འབྲས་ཆེན་པོ་ཤེས་རྟོགས་ཐུབ་རྒྱུར་ཕན་ཐོགས་བྱུང་ཡོད་ཅེས་བཤད།
        མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝར་རྒྱུད་སྡོད་ཨུ་རུ་སུའི་དོན་གཅོད་ཁྲུའུ་ཡི་འཐུས་མི་གཞོན་པ་ཉི་ཅི་ཐས་འགྲེམས་སྟོན་ལ་ལྟ་སྐོར་བྱས་རྗེས་འདས་ཟིན་པའི་ལོ་40རིང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་ཀྲུང་གོས་སྤོབས་པ་བྱེད་འོས་པ་ཞིག་འདུག་ཅེས་བཤད།
        མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཁེ་དང་། རྒྱལ་སྤྱིའི་གནས་སྤོས་ཡུལ་མིའི་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་སི་དབུན་དང་། ཡོ་རོབ་མནའ་འབྲེལ་དང་། དབྱིན་ཇི། འཇར་མན། ཕ་ཁི་སི་ཐན། ཨེ་ཅིབ། དབྱི་རན། མོ་ཞི་ཁོ། ཁུ་པ། ཐེ་ལན། ཁམ་ཕུ་ཁྲེ། མོང་གོལ་རྒྱལ་ཁབ། འབར་མ། ཕ་ལི་སི་ཐན་སོགས་རྒྱལ་ཁབ་30ལྷག་ཙམ་གྱི་གཞུང་ཚབ་པ་དང་རི་ནེ་ཝར་རྒྱུན་སྡོད་རྒྱལ་ཁབ་ཁག་གི་འཐུས་མི་ཚོགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྒྲིག་གཞི། སྲིད་གཞུང་མིན་པའི་རྩ་འཛུགས་ཀྱི་འཐུས་མི་སོགས་མི་600ལྷག་ཙམ་ཚེས་10ཉིན་གྱི་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།