འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་13ཉིན།

༄༅།།ནེ་པ་ལའི་གཞོན་ནུའི་ལས་ཞུགས་རྩལ་ནུས་ལ་རྒྱབ་སྐྱོར་བྱེད་པའི(རྩིས་འཁོར་སྤྱོད་སྟངས)
གསོ་སྦྱོང་རྣམ་གྲངས་བདེ་བླག་ངང་སློབ་མཇུག་འགྲིལ་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་13ཉིན། 12:31】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་10ཉིན། ཀ་ཏ་མན་རྡུ་གཞོང་སའི་པ་ཏེ་ཀང་དུ་ནེ་པ་ལའི་གཞོན་ནུའི་ལས་ཞུགས་རྩལ་ནུས་ལ་རྒྱབ་སྐྱོར་བྱེད་པའི(རྩིས་འཁོར་སྤྱོད་སྟངས)གསོ་སྦྱོང་རྣམ་གྲངས་སློབ་མཇུག་འགྲིལ་བའི་མཛད་སྒོ་གཉེར་བ་རེད།
         ནེ་པ་ལའི་གྲོས་མི་ཕང་ཕ·པུའུ་ཧྲར་དང་ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཚན་ཙན་ལི་ཁྲུན་ཀྲའོ་ཡིས་སློབ་མར་སློབ་མཇུག་འགྲིལ་བའི་ལག་ཁྱེར་སྤྲད་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད། ནེ་ཀྲུང་གི་ཁེ་ལ་སི་རིག་གནས་ཡར་སྐུལ་འཕེལ་རྒྱས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཚའོ་གོ་ཧྥེང་གིས་ཕུལ་བྱུང་སློབ་མ་2ལ་རྩིས་འཁོར་ཞལ་འདེབས་བརྒྱབ་པ་མ་ཟད་དངུལ་སྤྲད་ནས་གཟེངས་བསྟོད་བྱས་པ་རེད།
       རྣམ་གྲངས་དེས་2018ལོའི་ཟླ་2ཚེས་7ཉིན་དངོས་སུ་འཛིན་གྲྭ་གཉེར་འགོ་ཚུགས་པ་དང་དུས་ཡུན་ཟླ་བ་6ཡིན། རྣམ་གྲངས་དེ་ཀྲུང་གོའི་བོད་ལྗོངས་དགེ་ལས་ཐེབས་རྩ་ལྷན་ཚོགས་ཀྱིས་མ་དངུལ་བཏོན་ནས་རྒྱབ་སྐྱོར་བྱས་པ་དང་། ས་གནས་དེ་གའི་སྤྱི་ཚོགས་རྩ་འཛུགས་ནེ་པ་ལ་ས་མ་ཅེ་ཁེ་མཐུན་ཚོགས་དང་མཉམ་ལས་བྱས་ནས་གཉེར་བ་ཞིག་ཡིན། ནེ་པ་ལའི་ས་ཁུལ་མི་འདྲ་བ་ནས་ཡོང་བའི་གཞོན་ནུ་20གསོ་སྦྱོང་རྣམ་གྲངས་དེའི་ནང་ཞུགས་པ་རེད།
       ནེ་པ་ལའི་གཞོན་ནུ་མང་པོར་ལས་ཞུགས་རྩལ་ནུས་མེད་པའི་རྐྱེན་གྱིས་ལས་ཀ་རག་གི་མེད། འོན་ཀྱང་མིག་སྔའི་གནས་ཚུལ་ལ་བལྟས་ན། ནེ་པ་ལའི་རྒྱལ་ནང་དུ་རྩིས་འཁོར་བེད་སྤྱོད་ལག་རྩལ་ཁོང་དུ་ཆུད་པའི་གཞོན་ནུ་ཤེས་ལྡན་པའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད་པས། བརྒྱུད་རིམ་ལྡན་པའི་གསོ་སྦྱོང་ནང་ཞུགས་ནས་འབྲེལ་ཡོད་ལག་རྩལ་གྱི་རྩལ་ནུས་ཁོང་དུ་ཆུད་པའི་གཞོན་ནུར་ནེ་པ་ལའི་རྒྱལ་ནང་དུ་ལས་ཀ་འཚོལ་སླ་བས་གསོ་སྦྱོང་བྱས་པའི་གཞོན་ནུ་དང་དེའི་ཁྱིམ་ཚང་ལ་ཐད་ཀར་ཕན་པ་ཐོབ་ཀྱི་ཡོད། དཔྱད་ཞིབ་ཚོད་རྒྱུགས་ལ་བརྟེན་ནས་སློབ་མ་20ཚང་མ་བདེ་བླག་ངང་སློབ་མཇུག་འགྲིལ་བ་མ་ཟད་སློབ་མ་10ལས་ཞུགས་མངོན་འགྱུར་བྱུང་བ་རེད།
       ཤེས་རྟོགས་བྱུང་བ་ལྟར་ན། དེ་ནི་བོད་ལྗོངས་དགེ་ལས་ཐེབས་རྩ་ལྷན་ཚོགས་ཀྱིས་ནེ་པ་ལར་སྤེལ་བའི་གསོ་སྦྱོང་རྣམ་གྲངས་དང་པོ་དེ་ཡིན། ཐེབས་རྩ་ལྷན་ཚོགས་དེས་སླད་ཕྱིན་ནེ་པ་ལར་དུས་ཡུན་རིང་པོའི་དབུལ་སྐྱོར་དང་། འཕྲོད་བསྟེན། སློབ་གསོ་སོགས་ཀྱི་སྤྱི་ཕན་རྣམ་གྲངས་སྤེལ་རྩིས་ཡོད་པ་དང་། ནེ་པ་ལའི་གཞོན་ནུའི་ལས་ཞུགས་རྩལ་ནུས་ལ་རྒྱབ་སྐྱོར་བྱེད་པའི(རྩིས་འཁོར་སྤྱོད་སྟངས)གསོ་སྦྱོང་རྣམ་གྲངས་དུས་ཐེངས་གཉིས་པ་དེ་མི་རིང་བར་སློབ་འགོ་འཛུགས་རྒྱུ་དང་། ནེ་པ་ལའི་བུད་མེད་ཀྱི་རྩལ་ནུས(འཚེམ་བཟོ་དང་བསླས་འཐག)ཀྱི་གསོ་སྦྱོང་རྣམ་གྲངས་ཀྱི་ཞིབ་ཆད་གྲོས་མོལ་བྱེད་བཞིན་ཡོད་པ་རེད།