འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་12ཉིན།

༄༅།།བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་རྣམ་གྲངས་15ལ་གན་རྒྱ་བཞག་པར་ཁྱོན་སྒོར་དུང་ཕྱུར་73.8ཟིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་12ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཉིན་ཤས་གོང་ལྷ་སར་འཚོགས་པའི་ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པའི་ཚོགས་འདུ་དང་མིང་རྟགས་འགོད་པའི་མཛད་སྒོ་ནས་ཤེས་རྟོགས་བྱུང་བར། ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་རྣམ་གྲངས་15ལ་མིང་རྟགས་བཀོད་པར་མ་དངུལ་སྒོར་དུང་ཕྱུར་73.8ཟིན་པ་དེ་དག་ཁེ་ལས་10དང་འབྲེལ་བ་ཡོད། ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་ནི་ལས་བྱེད་པའི་བོད་སྐྱོར་གཙོ་བོར་བྱེད་པ་དང་རོགས་སྐྲུན་རྣམ་གྲངས་གཞི་རྟེན་དུ་བྱས་པའི་ཕྱོགས་མང་དང་། རིམ་པ་མང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་བོད་སྐྱོར་དབུལ་སྐྱོར་གྱི་རྣམ་པ་ཞིག་ཆགས་ཡོད་པ་རེད།
     དེ་ཉིན་གྱི་མིང་རྟགས་བཀོད་པའི་མཛད་སྒོའི་ཐོག་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཀྲུང་གོ་རྡོ་སྣུམ་དང་ཀྲུང་གོ་ལྕགས་ལམ་སོགས་དང་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་རྣམ་གྲངས་ཀྱི་གྲོས་མཐུན་བཞག་པ་མ་ཟད། ད་དུང་ཀྲུང་གོ་ཏ་ལན་མཐོ་རིམ་གཉེར་འཛིན་སློབ་གླིང་དང་ཀྲུང་གོ་ཚྭ་ལས་སོགས་དང་ཤེས་ལྡན་མི་སྣ་དང་། མ་དངུལ། རྣམ་གྲངས་བཅས་གཅིག་གཏད་གཅིག་གི་བོད་སྐྱོར་གྲོས་མཐུན་བཞག་པ་རེད། གཞན་ཡང་ཀྲུང་དབྱང་ཁེ་ལས་སྡེ་ཚོགས་ལས་དོན་ཨུ་ལྷན་དང་། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་བཅས་ཀྱིས“ཀྲུང་དབྱང་ཁེ་ལས་དང་བརྩེ་སེམས་གཅིག་ཏུ་འབྲེལ”ཞེས་པའི་བོད་ཀྱི་སློབ་འབྲིང་སློབ་མའི་དབྱར་སྒར་མཉམ་ལས་ཀྱི་གྲོས་མཐུན་ཡང་བཞག་པ་རེད། ཀྲུང་དབྱང་ཁེ་ལས་ཀྱི་ས་ཁུལ་དབུལ་པོའི་ཐོན་ལས་མ་འཇོག་ཐེབས་རྩ་མ་རྐང་ཚད་ཡོད་ཀུང་སི་དང་། སི་ཁྲོན་ཞིང་ཆེན་ནུས་རྒྱུ་མ་འཇོག་ཚོགས་པ། བོད་རང་སྐྱོང་ལྗོངས་གཞུང་རྒྱུ་གཉེར་སྐྱོང་ཀུང་སི་བཅས་ཀྱིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ་རེད།
     “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཀྲུང་དབྱང་ཁེ་ལས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ལས་ཞུགས་དང་འབབ་འཕར་སྐུལ་ཁྲིད་སོགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། གསར་འགོད་པས་ཤེས་རྟོགས་བྱས་པར། 2017ལོར་ཀྲུང་དབྱང་ཁེ་ལས་ཀྱིས་དམངས་ཕྱུག་བོད་དར་ལ་རམ་འདེགས་ཀྱི་རྣམ་གྲངས་135ལ་མིང་རྟགས་བཀོད་པར་མ་དངུལ་སྒོར་དུང་ཕྱུར་4406.5ཟིན་ཡོད། འདི་ལོའི་ཟླ་དྲུག་པའི་ཟླ་མཇུག་བར། རིམ་རྩིས་བྱས་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་1274.6ལེགས་གྲུབ་བྱས་པར་ལས་མཇུག་འགྲིལ་བ་དང་སྐྲུན་བཞིན་པའི་རྣམ་གྲངས་77ཡོད། ཉེ་བའི་ལོ་གཉིས་རིང་ཀྲུང་དབྱང་གི་བོད་སྐྱོར་ཁེ་ལས་16གིས་ཆེད་མངགས་མང་ཚོགས་དབུལ་པོར་དམིགས་པའི་དབུལ་སྐྱོར་རྣམ་གྲངས་175ལག་བསྟར་བྱས་པར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་6བཏང་བ་དེས་མི་ཁྲི་2.1གི་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་ཁྲིད་ཐུབ་ཡོད་པ་རེད།
     གཞན་ཡང་2017ལོ་ནས་བཟུང་ཀྲུང་དབྱང་ཁེ་ལས་ཀྱིས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་2498བསྡུས་པ་དང་ཞིང་འབྲོག་པར་ལས་གནས་ཁྲི་2.2མཁོ་འདོན་བྱས་ཡོད། ད་ཐེངས་ཀྱི་བྱེད་སྒོ་སྤེལ་རིང་། བོད་སྡོད་ཀྲུང་དབྱང་ཁེ་ལས་ཀྱི་སྒྲིག་གཞི་དང་བོད་ཀྱི་གཞུང་ཁོངས་ཁེ་ལས་140ཡིས་འཚོགས་པའི་གདན་ཞུའི་ཚོགས་འདུར་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་ལས་གནས་2866དང་ཞིང་འབྲོག་པར་ལས་གནས་8425མཁོ་འདོན་བྱས་ཡོད།
     “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཀྲུང་དབྱང་ཁེ་ལས་ཀྱིས་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་16.6ལྷག་གཏོང་རྩིས་ཡོད་པ་དེ“ལོ་ལྔ་ཚན་བཅུ་གཉིས་པར”དངོས་སུ་དོན་འཁྱོལ་བྱས་པ་ལས་40%ཙམ་འཕར་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། སླད་ཕྱིན་ཀྲུང་དབྱང་ཁེ་ལས་ཀྱི་ཐོན་ལས་བོད་སྐྱོར་གྱིས་མ་དངུལ་དང་། ལག་རྩལ། ཁྲོམ་ར། ཤེས་ལྡན་མི་སྣ། དོ་དམ་སོགས་ཀྱི་ལེགས་ཆ་མུ་མཐུད་འདོན་རྒྱུ་དང་ཆབས་ཅིག་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་ཡིག་ཚགས་དང་གཱ་བཟོས་པའི་ངལ་ནུས་དབུལ་པོ་སྔོན་ལ་དང་ལེན་བྱ་རྒྱུ་རེད། ཀྲུང་དབྱང་ཁེ་ལས་དབུལ་སྐྱོར་ཐེབས་རྩས་ཁྲོམ་ར་ཅན་གྱི་རྩ་དོན་གཞིར་བཟུང་། ཡན་ལག་ཐེབས་རྩ་འཛུགས་པ་དང་རྣམ་གྲངས་ཐད་སྤྲོད་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་བོད་ཀྱི་དབུལ་སྐྱོར་རྣམ་གྲངས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།