འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་10ཉིན།

༄༅།།མཚོ་སྔོན་དུ་འདི་ལོ་དབྱར་ཁར་ཆ་སྙོམས་ཆར་ཆུ་འབབ་ཚད་དུས་མཚུངས་ལས་34.8%ཀྱིས་མང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་10ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་དབྱར་ཁར་ཞིང་ཆེན་དེར་ཆར་ཆུ་འབབ་ཚད་མངོན་གསལ་གྱིས་མང་བ་དང་། ས་ཆ་མང་པོ་ཞིག་གི་ཉིན་རེའི་ཆར་ཆུ་འབབ་ཚད་དང་ཆར་ཆུ་རྒྱུན་མཐུད་འབབ་པའི་ཉིན་གྲངས་ལོ་རྒྱུས་ཀྱི་ཚད་གཞི་ལས་བརྒལ་ཞིང་། ཆར་ཆུ་མང་བའི་ཁྱད་ཆོས་ཧ་ཅང་མངོན་གསལ་དོད་པོ་ཡོད་པ་རེད།
     གནམ་གཤིས་ལྟེ་གནས་ཀྱི་དཔྱད་གཞི་ལས་མངོན་པར་གཞིགས་ན། མཚོ་སྔོན་དུ་འདི་ལོའི་དབྱར་ཁར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི་295.2ཟིན་ནས་རྣམ་ཀུན་དང་བསྡུར་ན་34.8%མང་དུ་ཕྱིན་པ་དང་ལོ་རྒྱུས་ཐོག་དུས་མཚུངས་ལས་མང་ཤོས་ཡིན་པ་རེད། མཚོ་སྔོན་ལྷོ་རྒྱུད་ཀྱི་ས་ཁུལ་ཉུང་ཤས་དང་དེ་བཞིན་མང་ཡ་དང་། མདོ་ལ། ཏ་ཐུང་སོགས་ཀྱི་ས་ཆར་ཆར་ཆུ་འབབ་ཚད་ཉུང་བའམ་ཡང་ན་རྒྱུན་གཏན་ལྟར་ཡིན་པ་ཕུད། ཞིང་ཆེན་དེའི་དེ་མིན་ས་ཁུལ་དུ་ཆར་ཆུ་འབབ་ཚད་མང་པོ་ཡོད་པ་རེད། ཚྭ་འདམ་གཤོང་ས་དང་། ཞིང་ལས་ཁུལ་མང་ཆེ་བ། མཚོ་སྐོར་ས་ཁུལ་བཅས་ཀྱི་ས་ཁུལ་ཁག་གཅིག་ལ་བཅུ་ཆ་ལྔ་ནས་ལྡབ་2.2བར་མང་དུ་ཕྱིན་པ་དེའི་ནང་། ཕིན་ཨན་དང་། གཅན་ཚ་སོགས་ཁུལ་19(ཞིང་ཆེན་་ཡོངས་ཀྱི་ཁུལ་གྲངས་ཀྱི་38%ཟིན་པ)རུ་ཆར་ཆུ་འབབ་ཚད་ལོ་རྒྱུས་ཀྱི་དུས་མཚུངས་དང་ཉེ་བའམ་ཡང་ན་ཚད་བརྒལ་བྱུང་བ་རེད།
     མཚོ་སྔོན་དུ་འདི་ལོའི་དབྱར་ཁར་དྲག་ཆར་ཡང་ཡང་བབས་ནས་ཞིང་ཆེན་ཡོངས་སུ་ཆར་པ་ཆེན་པོའམ་ཡང་ན་དེ་ཡན་གྱི་གནམ་གཤིས་ཐེངས་78བསྟན་པས་ཉེ་བའི་ལོ་5ཡི་ཆ་སྙོམས་དང་ཉེ་བའི་ལོ་10ཡི་ཆ་སྙོམས་དང་བསྡུར་ན་ལྡབ་1.1མང་བ་ཡོད་ཅིང་། ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་མང་ཤོས་ཡིན་པ་རེད། དེའི་ནང་ཟླ་7པ་ནས་ཟླ་8པའི་བར་ཆར་པ་ཆེན་པོ་འབབ་ཐེངས་65དང་དེ་ཡན་གྱི་གནམ་གཤིས་བསྟན་ནས་དབྱར་དུས་ཀྱི་ཆར་ཆུ་འབབ་ཐེངས་བསྡོམས་འབོར་གྱི་83%ཟིན་ཡོད་པ་རེད།
     གནམ་གཤིས་རིགས་གཅིག་མཁས་ཅན་གྱིས་དྲན་སྐུལ་བྱས་དོན། དུས་འགོར་ཆར་པ་འབབ་ཚད་མང་བས་མཚོ་སྔོན་གྱི་ས་ཆ་མང་པོ་ཞིག་གི་ས་རྒྱུའི་བརླན་ཚད་ཚད་གཞིར་སླེབས་པའམ་ཡང་ན་ཆར་ཆུ་འདང་ངེས་བྱུང་བས་ས་གཤིས་གནོད་འཚེའི་ཉེན་ཁ་སོགས་ཀྱི་རིམ་པ་མཐོ་ཙམ་ཡོད་པས་འབྲེལ་ཡོད་སྡེ་ཚན་དང་མི་སྣས་གནམ་གཤིས་ཀྱི་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱས་ནས་དྲག་ཆར་གྱིས་རྐྱེན་པས་ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེར་དོཌ་ཟོན་བྱས་ཏེ་གནོད་འཚེ་སྔོན་འགོག་ལ་ཤུགས་སྣོན་རྒྱག་དགོས།