འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་10ཉིན།

༄༅།།སི་ཁྲོན་གྱིས་དཀར་མཛེས་དང་རྔ་པ་སོགས་ས་ཁུལ་ཁག་གཅིག་ཏུ་ཁང་པ་གཉིས་ཉོ་བའི་སྔོན་སྤྲོད་དངུལ་དམའ་
ཤོས་ཀྱི་བསྡུར་ཚད་མཐོ་རུ་བཏང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་10ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོ་མི་དམངས་དངུལ་ཁང་ཁྲེང་ཏུའུ་ཡན་ལག་དངུལ་ཁང་གིས་གཞུང་ཕྱོགས་དྲ་ཚིགས་སུ་བརྡ་ཐོ་བཏང་སྟེ། 《སི་ཁྲོན་ཞིང་ཆེན་གྱི་ཚོང་ལས་རང་བཞིན་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་གྱི་སྔོན་སྤྲོད་དངུལ་དམའ་ཤོས་ཀྱི་བསྡུར་ཚད་ལག་བསྟར་ཇུས་གཞི》གསར་ཤོས་ལག་ལེན་བསྟར་དགོས་པའི་བླང་བྱ་བཏོན་ཅིང་། ཇུས་གཞིའི་ནང་སི་ཁྲོན་གྱི་ས་ཁུལ་ཁག་གཅིག་ཏུ་ཁང་པ་གཉིས་ཉོ་བའི་སྔོན་སྤྲོད་དངུལ་དམའ་ཤོས་ཀྱི་བསྡུར་ཚད་40%ནས་50%བར་མཐོ་རུ་གཏོང་རྒྱུ་ཡིན་པ་བཏོན་ཡོད།
     ཇུས་གཞིར་གཞིགས་ན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དང་། རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ། ལེང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ(ཤིས་ཁྲང་གྲོང་ཁྱེར་ཕུད)བཅས་སུ་སྤྱིར་བཏང་གི་སྡོད་ཁང་ཐོག་མར་ཉོ་མཁན་གྱི་གྲོང་མིའི་ཁྱིམ་ཚང་ལ་སྔོན་སྤྲོད་དངུལ་གྱི་བསྡུར་ཚད་དམའ་ཤོས་25%ཡིན་པ་དང་། སི་ཁྲོན་ཞིང་ཆེན་གྱི་ས་ཁུལ་གཞན་དག་ཏུ་སྤྱིར་བཏང་གི་སྡོད་ཁང་ཐོག་མར་ཉོ་མཁན་གྱི་གྲོང་མིའི་ཁྱིམ་ཚང་ལ་སྔོན་སྤྲོད་དངུལ་གྱི་བསྡུར་ཚད་དམའ་ཤོས་30%ཡིན་པ་རེད།
      སྡོད་ཁང་1ཡོད་པ་མ་ཟད་ཁང་པ་ཉོས་པའི་བུ་ལོན་འཇལ་མཇུག་འགྲིལ་མེད་པའི་གྲོང་མིའི་ཁྱིམ་ཚང་ཡིན་ཚེ། ཁྲེང་ཏུའུ་གྲོང་ཁྱེར་ཐེན་ཧྥུའུ་ཁུལ་གསར་ཁྲེང་ཏུའུ་ཐད་འདོམས་ཁུལ་དང་མཐོ་གསར་ཁུལ་གྱི་ལྷོ་རྒྱུད་གླིང་དུ་སྔོན་སྤྲོད་དངུལ་གྱི་བསྡུར་ཚད་དམའ་ཤོས་70%ལས་དམའ་མི་རུང་བ་མ་ཟད་དངུལ་བུན་གཡར་བའི་དུས་ཚད་རིང་ཤོས་ལོ་25ལས་བརྒལ་མི་ཆོག་པ་དང་། ཁྲེང་ཏུའུ་གྲོང་ཁྱེར་མཐོ་གསར་ཁུལ་གྱི་ནུབ་རྒྱུད་གླིང་དང་། ཅིན་ཅང་ཆུས། ཆིང་ཡང་ཆུས། ཅིན་ཉིའུ་ཆུས་སོགས་ས་ཁོངས་11ཏུ་སྔོན་སྤྲོད་དངུལ་གྱི་བསྡུར་ཚད་དམའ་ཤོས་60%ལས་དམའ་མི་རུང་བ་མ་ཟད་དངུལ་བུན་གཡར་བའི་དུས་ཚད་རིང་ཤོས་ལོ་25ལས་བརྒལ་མི་རུང་བ། སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་དང་། རྔ་པ་ཀྲོའུ། ལེང་ཧྲན་ཀྲོའུ(ཤིས་ཁྲང་གྲོང་ཁྱེར་ཕུད)བཅས་སུ་སྔོན་སྤྲོད་དངུལ་གྱི་བསྡུར་ཚད་དམའ་ཤོས་40%ལས་དམའ་མི་རུང་བ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་གཞན་དག་ཏུ་སྔོན་སྤྲོད་དངུལ་གྱི་བསྡུར་ཚད་དམའ་ཤོས་50%ཡིན་པ་བཅས་རེད།
     སྡོད་ཁང་2དང་དེ་ཡན་ཡོད་པའི་གྲོང་མིའི་ཁྱིམ་ཚང་ཡིན་ཚེ། ཁྲེང་ཏུའུ་གྲོང་ཁྱེར་གྱི་མཐོ་གསར་ཁུལ(ནུབ་རྒྱུད་གླིང་དང་ལྷོ་རྒྱུད་གླིང)དང་། ཁྲེང་ཏུའུ་ཐེན་ཧྥུའུ་ཁུལ་གསར། ཅིན་ཅང་ཆུས། ཆིང་ཡང་ཆུས། ཅིན་ཉིའུ་ཆུས། ཝུའུ་ཧོའུ་ཆུས། ཁྲེང་ཧྭ་ཆུས། ལུང་ཆོན་དབྱི་ཆུས། ཤིན་ཏུའུ་ཆུས། ཝུན་ཅང་ཆུས། ཧྲོང་ལིའུ་ཆུས། ཕི་ཏུའུ་ཆུས་བཅས་ས་ཁོངས་12སུ་ཁང་པ་2དང་དེ་ཡན(དངུལ་བུན་ཡོད་ནའང་འདྲ་དེ་མཚུངས་ཀྱི་དངུལ་བུན་འཇལ་ཚར་བ་ཅི་ཡིན་མ་བལྟོས་པར)ཡོད་པའི་ཁྱིམ་ཚང་ལ་ཚོང་ལས་རང་བཞིན་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་གནས་སྐབས་གཡར་མཚམས་འཇོག་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་ས་ཁུལ་གཞན་དག་ཏུ་སྡོད་ཁང་2དང་དེ་ཡན་ཡོད་པ་མ་ཟད་དེ་མཚུངས་ཀྱི་དངུལ་བུན་འཇལ་མཇུག་འགྲིལ་མེད་པའི་གྲོང་མིའི་ཁྱིམ་ཚང་ལའང་ཚོང་ལས་རང་བཞིན་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་གནས་སྐབས་གཡར་མཚམས་འཇོག་རྒྱུ་ཡིན་པ་རེད།
     ཇུས་གཞིའི་ནང་། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་ཁང་པ་དང་པོ་ཉོས་ནས་རང་ཉིད་སྡོད་རྒྱུའི་དགོས་མཁོར་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ། གོ་སྐབས་དང་བསྟུན་ནས་ཁང་ཚོང་རྒྱག་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་དང་སྔོན་སྤྲོད་དངུལ་གྱི་བསྡུར་ཚད་དང་སྐྱེད་ཀ་མང་ཉུང་ལུགས་མཐུན་ངང་གཏན་འཁེལ་བྱེད་དགོས། སྔོན་སྤྲོད་དངུལ་གྱི་ཡོང་ཁུངས་དང་ཡོང་འབབ་ར་སྤྲོད་སོགས་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་འཛད་སྤྱོད་དངུལ་བུན་སྤྱད་དེ་ཁང་པ་ཉོ་བ་དང་སྒྲིག་འགལ་ངང་སྔོན་སྤྲོད་དངུལ་སྤྲོད་པ་སོཌ་ཁང་པ་ཉོ་བའི་དཀའ་ངལ་ཆེ་རུ་གཏོང་བ་དང་སྡོད་ཁང་གི་ཡིད་རྟོན་དངུལ་བུན་སྲིད་ཇུས་ཀྱི་ངོ་བོ་སྒྱུར་བའི་བྱེད་སྤྱོད་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།