འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་10ཉིན།

༄༅།།ཀན་སུའུ་ཀན་ལྷོའི་དབང་པོ་སྐྱོན་ཅན་སློབ་མ་ཚོའི“ཨ་མ”ཡག་པོ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་10ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཙོས་གྲོང་ཁྱེར་དུ་དམིགས་བསལ་གྱི་སློབ་གྲྭ་ཞིག་ཡོད་པ་དེའི་ནང་དབང་པོ་སྐྱོན་ཅན་ཕྲུ་གུ་104སློབ་སྦྱོང་བྱེད་པ་དང་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། ཕྲུ་གུ་དེ་དག་ལ་མཉམ་དུ“ཨ་མ”གཅིག་ཡོད་པ་རེད།
     ཕྲུ་གུ་ཚོས“ཨ་མ”ཞེས་བརྗོད་ཡུལ་དེ་ནི་ལོ་50ཙམ་ལ་སོན་པའི་ཀླུ་མོ་ཚེ་རིང་ཡིན་པ་དང་ཁོང་ནི་ཀན་ལྷོ་ཀྲོའུ་ཡི་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་སྤྱི་ཡིན་པ་རེད།
      ཀླུ་མོ་ཚེ་རིང་གིས“ཕྲུ་གུ་དེ་དག་ཕྲུ་གུ་གཞན་དང་འདྲ་བར་འཚོ་བ་སྐྱེལ་མི་ཐུབ་ལ་སློབ་སྦྱོང་ཡང་བྱེད་ཐུབ་ཀྱི་མེད། རྟག་ཏུ་སློབ་གྲྭའི་ནང་ཕྲུ་གུ་ཚོས་ང་ལ་ལྟ་བའི་མིག་གཉིས་མཐོང་སྐབས་སེམས་གྲང་ལྷང་ལྷང་བྱེད་ཀྱི་འདུག་པས་ནུས་ཤུགས་ཡོད་རྒུས་ཁོང་ཚོའི་ཆེད་བྱ་བ་མང་དག་ཅིག་སྒྲུབ་འདོད་ཡང་ཡོང་གི་འདུག”ཅེས་བཤད།
     ཀླུ་མོ་ཚེ་རིང་གིས་2011ལོར་དམིགས་བསལ་སློབ་གསོའི་སློབ་གྲྭ་དེའི་སློབ་སྤྱིའི་འགན་ཁུར་བ་ནས་བཟུང་། དཀའ་ཚེགས་ཀྱི་ལམ་བུ་དེ་ཤེས་རྟོགས་ཐུབ་ཀྱི་ཡོད། སློབ་གྲྭ་དེའི་ནང་རྣ་བ་འོན་པ་དང་ཤེས་སྒྲིབ་སློབ་མ་བསྡུ་གི་ཡོད་སྟབས་ཀན་ལྷོ་ཀྲོའུ་ཡི་དབང་པོ་སྐྱོན་ཅན་བྱིས་པ་སློབ་གྲྭར་སྐྱོད་པའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་འགན་ཁུར་དགོས་ཀྱི་ཡོད་པ་དེ་ཐོག་ནས་ཀླུ་མོ་ཚེ་རིང་དང་དགེ་རྒན་ཚོས་དགེ་རྒན་གཞན་ལས་ལྷག་པའི་དོ་ཁུར་དང་དགའ་གཅེས་བྱེད་དགོས་ཀྱི་ཡོད་པ་མཚོན་ཐུབ།
     ཀླུ་མོ་ཚེ་རིང་གིས་སློབ་གྲྭ་བཙུགས་མ་ཐག་པའི་སྐབས་སློབ་གྲྭའི་ནང་དགེ་རྒན་བདུན་བརྒྱད་ལས་མེད་པ་དང་ན་གཞོན་དགེ་རྒན་ཚོས་དབང་པོ་སྐྱོན་ཅན་སློབ་མ་ཚོར་ལྟ་རྟོག་ཡག་པོ་བྱེད་མི་ཐུབ་པར་རྒྱུན་དུ་སློབ་མ་ཚོས་སྣ་རྟུག་གློད་པ་དང་བཙོག་གཅིན་ཤོར་བ་སོགས་ཀྱི་གནས་ཚུལ་འཕྲད་སྐབས་ཅི་བྱ་གཏོལ་མེད་དུ་གྱུར་གྱི་ཡོད། ཀླུ་མོ་ཚེ་རིང་གིས་སྣེ་འཁྲིད་དེ་སློབ་མ་ཚོའི་སྣ་རྟུག་འཕྱིས་རོགས་དང་། མགོ་བོ་ཁྲུད་རོགས། གྱོན་གོས་འཚེམ་རོགས་སོགས་བྱེད་ཀྱི་ཡོད།
     ཀླུ་མོ་ཚེ་རིང་གི་སྐུལ་ལྕག་དང་སྣེ་འཁྲིད་འོག་སློབ་གྲྭའི་དགེ་རྒན་ཚོས་སློབ་མ་ཚོར་སྣ་རྟུག་འཕྱིས་རོགས་དང་། སོ་ཁྲུད་རོགས། མགོ་བོ་ཁྲུད་རོགས་སོགས་བྱ་རྒྱུ་དེ་གོམས་གཤིས་སུ་གྱུར་བ་བྱེད་ཀྱི་ཡོད། དགེ་རྒན་དབྱང་ཞའོ་ལན་གྱིས“དེ་སྔ་ངས་དབང་པོ་སྐྱོན་ཅན་སློབ་མར་སློབ་འཁྲིད་བྱེད་མྱོང་མེད། 2013ལོར་སློབ་གྲྭ་འདིར་སླེབས་མ་ཐག་སླད་ཕྱིན་ཇི་ལྟར་བྱེད་དགོས་མིན་ཐད་སེམས་ཁྲལ་ཧ་ཅང་ཆེན་པོ་འདུག་ལ་རེ་ཐག་ཀྱང་ཆད་སོང་། འོན་ཀྱང་སློབ་སྤྱིའི་སྣེ་འཁྲིད་འོག་ལས་ཀ་དེར་དོན་སྙིང་ལྡན་པ་ཤེས་རྟོགས་བྱུང་། ད་ཆ་དབང་པོ་སྐྱོན་ཅན་སློབ་མ་དེ་དག་ལ་ཉིན་རེ་ལས་མ་འདས་པར་འགྱུར་ལྡོག་བྱུང་བ་མཐོང་སྐབས་བློ་ཡིད་ཧ་ཅང་ཚིམ་པོ་འདུག”ཅེས་ལྷུག་པོར་གླེང་།
     འོན་ཀྱང་ཀླུ་མོ་ཚེ་རིང་གི་ངོས་ནས་བརྗོད་ན་སློབ་མ་ཚོའི་བཟའ་བཏུང་འགྲོ་སྡོད་སོགས་ཐད་ལྟ་རྟོག་བྱ་རྒྱུ་མི་འདང་བའི་སྣང་བ་ཡོང་གི་ཡོད་པ་དང་དེ་བས་གལ་ཆེ་བ་ཞིག་ནི་ཕྲུ་གུ་དེ་དག་གིས་འཚོ་གནས་ཀྱི་རྩལ་ནུས་དེ་བས་མང་བ་ཤེས་ཐུབ་པ་བྱས་ནས་ཁོང་ཚོ་སློབ་གྲྭ་ནས་ཁ་བྲལ་རྗེས་ཁེར་རྐྱང་ངང་འཚོ་བ་སྐྱེལ་ཐུབ་པ་དང་སྤྱི་ཚོགས་ཁྲོད་འབྲེལ་འདྲིས་ཐུབ་པ་བྱ་རྒྱུ་དེ་རེད།
     ཀླུ་མོ་ཚེ་རིང་གིས“སློབ་གསོ་ཐེབས་པ”བྱེད་པ་ནི་དབང་པོ་སྐྱོན་ཅན་ཕྲུ་གུ་དེ་དག་ལ་ཡ་རབས་གུས་ཞབས་ཀྱི་འཚོ་བའི་གོམས་གཤིས་འཇགས་པ་བྱ་རྒྱུ་དེ་རེད། “དགེ་རྒན་ཚོས་སློབ་མ་ཚོར་ཁ་ལག་མ་ཟས་གོང་དང་གཅིན་པ་བཏང་ཟིན་རྗེས་ལག་པ་འཁྲུ་དགོས་ལུགས་སློབ་པ་མ་ཟད། ད་དུང་ཁོང་ཚོར་རྒན་རབས་དང་འཕྲད་ཚེ་རང་འགུལ་ངང་ལངས་ནས་འཚམས་འདྲི་ཞུ་དགོས་པ”སོགས་ཀྱང་སློབ་ཀྱི་ཡོད།
     ཀླུ་མོ་ཚེ་རིང་གི་འབད་བརྩོན་ལ་ཕན་འབྲས་ཐོབ་ནས་ད་ཆ་ཀན་ལྷོ་ཀྲོའུ་ཡི་དམིགས་བསལ་སློབ་གྲྭའི་ནང་སྐྱོད་སྐབས་ཕྲུ་གུ་ཚོས་ལག་བརྡ་དང་སྐད་བརྡ་དེ་ཙམ་དག་པོ་མེད་པའི་ཐོག་ནས་འཚམས་འདྲི་ཞུ་བ་སོགས་མཐོང་རྒྱུ་ཡོད།
     ཀླུ་མོ་ཚེ་རིང་གིས“མི་དེ་བས་མང་བས་ཁོང་ཚོའི་ཕྲུ་གུར་བསྟོད་བསྔགས་གཏོང་གི་ཡོད་པས་ཁྱིམ་བདག་ཚོ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་བཤད།
     སློབ་གྲྭའི་ནང་རྒྱ་ཡིག་དང་། བོད་ཡིག དབྱིན་ཇི། ལག་བརྡ་སོགས་སློབ་ཚན་ཁག་བཞི་སློབ་ཀྱི་ཡོད་པ་དང་ཀླུ་མོ་ཚེ་རིང་གིས་སློབ་མ་ཚོར་རྒྱ་ཡིག་དང་བོད་ཡིག་སློབ་ཀྱི་ཡོད་པ་རེད། འོན་ཀྱང་བོད་ཡིག་གི་ལག་བརྡའི་དཔེ་དེབ་དཀོན་པའི་དབང་གིས་ཀླུ་མོ་ཚེ་རིང་གིས་ལག་བརྡའི་ཐོག་ནས་རྣ་བ་འོན་པའི་སློབ་མ་ཚོར་རྒྱ་ཡིག་སློབ་པ་མ་ཟད་རྒྱ་ཡིག་གི་ཟུར་དུ་དེ་མཚུངས་ཀྱི་བོད་ཡིག་འབྲི་རུ་འཇུག་པའི་ཐབས་ཤེས་སྤྱོད་ཀྱི་ཡོད་པ་རེད།
     ཀླུ་མོ་ཚེ་རིང་གིས“ཕྲུ་གུ་དེ་དག་གི་ངོས་ནས་བརྗོད་ན་ཀ་མད་ནས་བརྡ་སྤྲོད་བར་སློབ་སྦྱོང་བྱེད་པར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་མོད། འོན་ཀྱང་བོད་ཡིག་མ་བསླབ་ན་འགྲིག་ཐབས་མེད། ང་ཚོས་རི་མོ་འབྲི་བ་ལྟར་བོད་ཡིག་གི་ཀ་མད་སུམ་ཅུ་སོགས་འབྲི་སྟངས་སློབ་ཀྱི་ཡོད། དེ་ལྟར་བྱས་ཚེ་ཁོང་ཚོ་འབྲོག་ཁུལ་དུ་ཕྱིར་ལོག་བྱས་རྗེས་ཡི་གེ་འབྲི་བའི་ཐོག་ནས་མི་གཞན་དང་སྤེལ་རེས་ཐུབ་པ་དང་གསང་སྤྱོད་དུ་སྐྱོད་པ་སོགས་ཐད་སྣང་དག་ཡོང་གི་མ་རེད”ཅེས་བཤད།
     འདི་ལོའི་ཟླ་7པར་ཀླུ་མོ་ཚེ་རིང་གིས་ཡིག་རྒྱུགས་ཤིག་བཏང་རྗེས་སློབ་མ་13སློབ་ཆུང་ཐོན་ཐུབ་པ་བྱུང་ཡོད། ཀླུ་མོ་ཚེ་རིང་གིས“ང་ཚོས་སློབ་ཆུང་དཀྱུས་མའི་རྒྱུགས་ཤོག་འཁྱེར་ནས་རྒྱུན་གཏན་གྱི་ཡིག་རྒྱུགས་གཏོང་བའི་གོ་རིམ་ལྟར་བྱས་པ་ཡིན། དེ་ནི་ཕྲུ་གུ་ཚོའི་ངོས་ནས་བརྗོད་ན་ཚེ་གང་གི་ཡིག་རྒྱུགས་དང་པོ་དེ་ཡིན་པས་ངོ་མཚར་ཆེ་བའི་ཚོར་སྣང་ཡོད་ལ་སེམས་ཁྲལ་ཡང་ཆེན་པོ་བྱུང་སྟེ་ཁོང་ཚོའི་མིག་ནས་ཡིག་རྒྱུགས་འདི་བཏང་ཟིན་རྗེས་ང་ཚོ་སླར་ཡང་སློབ་གྲྭར་ཡོང་མི་ཆོག་གམ་ཞེས་འདྲི་བ་ལྟར་མངོན་གྱི་འདུག”ཅེས་བཤད།
     ཕྲུ་གུ་ཚོ་སློབ་གྲྭ་དེ་ནས་ཁ་གྱེས་འདོད་མི་བྱེད་པ་མཐོང་སྐབས་ཀླུ་མོ་ཚེ་རིང་གིས་སྤྱི་ཚོགས་ཕྱོགས་ཁག་གི་སྟོབས་ཤུགས་ལ་བརྟེན་ནས་དབང་པོ་སྐྱོན་ཅན་སློབ་མ་འདི་དག་ལ་ཐོན་ལས་རྟེན་གཞི་ཞིག་བསྐྲུན་ཐུབ་ཚེ་སློབ་མ་ཚོ་སློབ་གྲྭ་ཐོན་རྗེས་རྟེན་གཞི་དེའི་ནང་ཟ་འཐུང་དང་ཞབས་ཞུ་སོགས་ལས་ལ་གཞོལ་ནས་ཁོང་ཚོ་དངོས་འབྲེལ་སྤྱི་ཚོགས་ཁྲོད་ཚུད་ཐུབ་རེ་བྱེད་ཀྱི་ཡོད།
     ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་གི་གྲངས་གཞི་ལས་མངོན་གསལ། འདི་ལོའི་ཟླ་7་པ་བར་ཀན་སུའུ་རུ་དམིགས་བསལ་སློབ་གསོའི་སློབ་གྲྭ་42ཡོད་པར་སྐྱོད་མུས་ཀྱི་སློབ་མ་3520ཡོད་པ་རེད། ཀན་སུའུ་རུ་ད་དུང་ཀླུ་མོ་ཚེ་རིང་དང་འདྲ་བའི་དགེ་རྒན་ཧ་ཅང་མང་པོས་དབང་པོ་སྐྱོན་ཅན་ཕྲུ་གུ་ཚོར་སྐད་གྲགས་མེད་པར་ལྟ་རྟོག་བྱེད་པ་དང་སློབ་གསོ་གཏོང་བ་མ་ཟད། ཨ་མ་ལྟར་གྱི་བྱམས་སྐྱོང་བྱེད་ཀྱི་ཡོད། ཀླུ་མོ་ཚེ་རིང་གིས“ང་རང་ལས་གནས་དེའི་ཐོག་སྡོད་རིང་ཕྲུ་གུ་ཚོ་སློབ་ཆེན་ལ་ཚུད་པ་དང་ལས་ཞུགས་ཐུབ་པ་མཐོང་རེ་བྱེད་ཀྱི་ཡོད”ཅེས་བཤད།