འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་9ཉིན།

༄༅།།སི་ཁྲོན་གྱིས་ལོ་ལྔ་ལྷག་ཙམ་གྱི་གོང་ནས་ལག་ལེན་བསྟར་རྒྱུར་གཏན་འཁེལ་བའི“འབྲེང་ཐག་ཟམ་པར་སྒྱུར་བའི”
རྣམ་གྲངས་77རྦད་དེ་ལེགས་གྲུབ་བྱུང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་09ཉིན། 12:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། འབྲེང་ཐག་ཐོག་བསྐྱོད་པའི་ལོ་རྒྱུས་མཇུག་འགྲིལ་ཞིང་། ལེའང་ཧྲན་ཀྲོའུ་ཅིན་དབྱང་རྫོང་ཏུའེ་ཕིང་གྲོང་རྡལ་གྱི་གྲོང་ཚོ་དང་པོ་དང་མན་དབྱང་གྲོང་ཁྱེར་པའེ་ཁྲོན་རྫོང་ཆུས་ཧྲན་གྲོང་རྡལ་ལུའོ་ཧྥང་ཧྥིང་གྲོང་ཚོའི“འབྲེང་ཐག་ཟམ་པར་སྒྱུར་བའི”རྣམ་གྲངས་གཉིས་དུས་མཚུངས་སུ་ཟླ་9ཚེས་1ཉིན་ལེགས་གྲུབ་ཟིན་པ་མ་ཟད། རླངས་འཁོར་ཤར་གཏོང་ཐུབ་པའི་ཆ་རྐྱེན་ཡང་ལྡན་ཡོད། སི་ཁྲོན་གྱིས་ལོ་ལྔ་ལྷག་ཙམ་གྱི་གོང་ནས་ལག་ལེན་བསྟར་རྒྱུར་གཏན་འཁེལ་བའི“འབྲེང་ཐག་ཟམ་པར་སྒྱུར་བའི”རྣམ་གྲངས་རྦད་དེ་ལེགས་གྲུབ་བྱུང་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཚོ་499དང་། དུད་ཚང་ཁྲི་3ཙམ། མང་ཚོགས་ཁྲི་བཅུ་གྲངས་ཁ་ཤས་བཅས་འབྲེང་ཐག་ཐོག་སྐྱོད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།
     དཔལ་འབྱོར་འཕེལ་རྒྱས་དང་རང་བྱུང་ཆ་རྐྱེན་སོགས་ཀྱི་ཚོད་འཛིན་ཕོག་རྐྱེན་རང་རྒྱལ་གྱི་ནུབ་རྒྱུད་དུ་གནས་པའི་ཐག་རིང་རི་ཁུལ་དང་མི་རིགས་ས་ཁུལ་གྱི་རི་མཐོ་གྲོག་རོང་དུ་ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་ཞིག་ནང་འབྲེང་ཐག་ནི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་འགྲིམ་འགྲུལ་ཡོ་བྱད་གལ་ཆེན་ཞིག་ཏུ་གྱུར་ཡོད། ས་ཁུལ་དབུལ་པོ་དེ་དག་ཏུ་འབྲེང་ཐག་ཅིག་ཟམ་པར་བསྒྱུར་བ་དང་གཞུང་ལམ་དུམ་བུ་ཞིག་བཟོས་ཚེ་མང་ཚོགས་ཚོར་དབུལ་སྒྲོལ་ཕྱུག་འགྱུར་གྱི་རྒྱལ་སྒོ་ཆེན་པོ་ཞིག་ཕྱེ་བ་དང་གཅིག་པ་རེད།
     2013ལོར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཞིང་ཆེན་དབུལ་སྐྱོར་དང་གནས་སྤོས་ཡུལ་མིའི་ལས་དོན་ཅུས་དང་མཉམ་དུ་འབྲེང་ཐག་གི་ད་ཡོད་གནས་ཚུལ་ལ་བརྟག་དཔྱད་བྱས་ནས་རྔ་པ་དང་། དཀར་མཛེས། ལེའང་ཧྲན། མན་དབྱང་། ཀོང་ཡོན་སོགས་ཀྱི་གྲོང་ཁྱེར(ཀྲོའུ)5ཡིས“འབྲེང་ཐག་ཟམ་པར་སྒྱུར་བའི”རྣམ་གྲངས་77ལག་ལེན་བསྟར་རྒྱུ་གཏན་འཁེལ་བྱས་པའི་ནང་འབྲེང་ཐག་དེ་རླངས་འཁོར་ཤར་གཏོང་ཐུབ་པའི་ཟམ་པར་སྒྱུར་བའི་རྣམ་གྲངས་76དང་འབྲེང་ཐག་དེ་མི་འགྲོ་སྐྱོད་ཐུབ་པའི་ཟམ་པར་སྒྱུར་བའི་རྣམ་གྲངས་1ཚུད་པ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་14.5བཏང་ཡོད།
     “ཟམ་པའི་ངོགས་གཉིས་ཀྱི་ཨར་ལས་ལམ་བུའི་རིམ་པ་དམའ་བ་དང་ལམ་ངོས་ཀྱི་གནས་ཚུལ་ཞན་པ་སྟེ་རི་ཉིལ་བ་དང་། རྡོ་ཟགས་པ། འདམ་རྡོའི་ཆུ་རུད་སོགས་ཡང་སེ་ཐོན་གྱི་ཡོད། ཆར་དུས་སུ་ལམ་ཆད་ཡུན་རིང་བའི་ཐོག་ཆུ་སྨད་དུ་གཙང་པོ་སྒྲོལ་བའི་ཟམ་པ་མེད་པས་ས་འབྲུ་བ་དང་། རྒྱུ་ཆ་སྐྱེལ་འདྲེན། ཟམ་པའི་རྨང་གཞིའི་སྒྲིག་བཀོད་ཨར་སྐྲུན་བཅས་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་གི་ཡོད”ལེའང་ཧྲན་ཀྲོའུ་ཅིན་དབྱང་རྫོང་ཏུའེ་ཧྥིང་གྲོང་རྡལ་གྱི་གྲོང་ཚོ་དང་པོའི“འབྲེང་ཐག་ཟམ་པར་སྒྱུར་བའི”རྣམ་གྲངས་ཀྱི་འགན་འཁུར་བས་འཛུགས་སྐྲུན་ལ་ཞུགས་མཁན་ཚན་པ་ཁག་གིས་བློ་སེམས་གཅིག་མཐུན་དང་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ལག་རྩལ་གྱི་དཀའ་གནད་མང་པོ་ཁྱད་བསད་བྱས་ཏེ་ཟམ་ཆེན་བདེ་བླག་ངང་བསྐྲུན་ཐུབ་པའི་འགན་ལེན་བྱས་ཡོད་ཅེས་བཤད།
     ད་ཆ་ལོ་ལྔ་ལྷག་ཙམ་གྱི་དཀའ་སྤྱད་འབད་འཐབ་བརྒྱུད་སི་ཁྲོན་གྱི“འབྲེང་ཐག་ཟམ་པར་སྒྱུར་བའི”རྣམ་གྲངས་རྦད་དེ་ལེགས་གྲུབ་བྱུང་ནས་རི་ཁུལ་གྱི་མི་སེར་ཚོར་བདེ་འཇགས་དང་སྟབས་བདེའི་དེང་རབས་འགྲིམ་འགྲུལ་གྱི་ཕྱིར་སྐྱོད་བྱེད་སྟངས་མཁོ་འདོན་བྱས་ནས་ལམ་རྒྱུད་ཀྱི་ཞིང་ཞོར་ཐོན་རྫས་སྐྱེལ་འདྲེན་ལའང་སྟབས་བདེ་བསྐྲུན་པ་རེད།