འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་7ཉིན།

༄༅།།ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི“ཧྲང་ཧའེ་ཡི་བྱེད་ཐབས”གཏོད་པ། 

—— གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྐོར་གྱི་སྒྲིལ་གླེང་། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་07ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་10པར་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་ཁང་ཁུལ་གསར་པ་བེད་སྤྱོད་གཏོང་འགོ་ཚུགས་ནས་མིག་སྔར་བོད་ཀྱི་མཁྲེགས་ཆས་སྒྲིག་བཀོད་ལེགས་ཤོས་ཀྱི་སྨན་ཁང་གི་གྲས་ཤིག་ཏུ་གྱུར་ཡོད་པ་རེད།
      2018ལོའི་ཟླ་6པའི་ཟླ་དཀྱིལ་དུ་ཧྲང་ཧའེ་ཡིས་ཁ་གཏད་རོགས་སྐྱོར་བྱས་པའི་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་ལ“ཀ་པ་རིམ་པ་གསུམ་པའི”སྒོ་བྱང་དངོས་སུ་བཀལ་ནས་གཞིས་རྩེ་གྲོང་ཁྱེར་གྱི་ཀ་པ་རིམ་པ་གསུམ་པའི་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་ཐོག་མ་དེར་གྱུར་ཡོད་པ་རེད།
     ཚད་གཞི་མཐོ་པོའི་ངང་སྐུལ་འདེད་བཏང་བས་བརྩེ་སེམས་རོགས་སྐྱོར་གྱི་ཕན་འབྲས་མངོན་གསལ་དོད་པ།
     2015ལོའི་ཟླ་8པ་ནས་བཟུང་ཧྲང་ཧའེ་གྲོང་ཁྱེར་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་གྱིས་གྲོང་ཁྱེར་ཡོངས་ཀྱི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་23ནས་ཁག་གསུམ་པའི་སྨན་བཅོས་རྐང་འཛིན་པ་62བོད་དུ་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་ལས་དོན་སྤེལ་བར་འདེམས་གཏོང་བྱས་པ་རེད། སྨན་བཅོས་རུ་ཁག་གི་ཤེས་ལྡན་པ་ཚང་མ་ནི་ཧྲང་ཧའེ་གྲོང་ཁྱེར་ཧྲེན་ཁང་ལྟེ་གནས་དང་། ཧྥུའུ་ཏན། འགྲིམ་འགྲུལ་སློབ་ཆེན། ཐུང་ཅི། ཀྲུང་ལུགས་གསོ་རིག་སློབ་ཆེན་གཤམ་འོག་གི་སྐད་གྲགས་ཡོད་པའི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གི་རིག་གཞུང་ཚན་ཁག་གི་སྣེ་ཁྲིད་པའམ་ཡང་ན་ལག་རྩལ་རྐང་འཛིན་པ་ཡིན་པ་རེད།
      སྨན་བཅོས་རུ་ཁག་གིས་བརྟག་ཞིབ་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་གཉེར་སྐྱོང་དོ་དམ་དང་། སྨན་བཅོས་སྤུས་ཚད། ཤེས་ལྡན་པ་གསོ་སྐྱོང་། ཚན་ཁག་འཛུགས་སྐྱོང་། ཚན་ཞིབ་འཕེལ་རྒྱས་བཅས་དམ་འཛིན་བྱ་གཞིར་བྱས་ཏེ་གྲོང་ཁྱེར་མི་དམངས་སྨན་ཁང་ལ“ཀ་པ་རིམ་པ་གསུམ་པ”གཏོད་རྒྱུར་དུས་ཚོད་རེའུ་མིག་དང་ལམ་ཐིག་རི་མོ་བཟོས་ཡོད་པ་རེད།
     “ཀྲུང་དབྱང་གི་བླང་བྱ་དང་། ས་གནས་ཀྱི་དགོས་མཁོ། ཧྲང་ཧའེ་ཡི་འཇོན་ནུས”བཅས་ཀྱི་རྩ་དོན་གཞིར་བཟུང་ཧྲང་ཧའེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྤྱི་འདོམས་འགོ་ཁྲིད་བྱེད་པ་དང་། ཧྲང་ཧའེ་གྲོང་ཁྱེར་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་སྣེ་ཁྲིད་ཚན་པ་ཡིན་པའི་ངོས་ནས་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་གྱི“ཧྲང་ཧའེ་ཡི་རྣམ་པ”བློ་རྩེ་གཅིག་སྒྲིམ་གྱིས་བཏོད་དེ་ཚད་གཞི་མཐོ་པོའི་ངང་སྐུལ་འདེད་བཏང་བས་བརྩེ་སེམས་རོགས་སྐྱོར་གྱི་ཕན་འབྲས་ཉིན་བཞིན་མངོན་གསལ་དོད་དུ་སོང་ཡོད་པ་རེད།
     བརྒྱུད་རོགས་ཁྲིད་གསུམ་ལྟ་བུའི“རང་བརྟེན”ལ་བརྟེན་ནས་ནམ་ཡང་གནས་ཐུབ་པའི་སྨན་བཅོས་དཔུང་ཁག་ཅིག་བཞག་པ།
     “དེ་སྔ་ང་གནས་སའི་སྨན་ཁང་གི་ཚན་ཁག་གིས་ནུས་པ་ཆེན་པོ་འདོན་མི་ཐུབ་པས་ཚང་མས་མཐོང་དེ་ཙམ་བྱེད་ཀྱི་མེད། ད་ཆ་ཚང་མའི་ལྟ་བ་འགྱུར་ལྡོག་ཕྱིན་འདུག”ཅེས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་དོ་དམ་པ་ཚེ་ཆུང་གིས་གསར་འགོད་པར་བཤད།
    སློབ་ཁྲིད་ནད་སྐོར་དང་། གཤགས་བཅོས་སློབ་ཁྲིད། ཁོའོ་ཧྲིའི་བཞུགས་མོལ་སོགས་ཚོགས་སྒྲིག་རྣམ་པའི་སྨན་བཅོས་ཤེས་ལྡན་པའི་སྣེ་ཁྲིད་འོག་ཚེ་ཆུང་སོགས་ཀྱིས་དང་ལེན་བྱས་པ་ནི་མིང་ཚིག་གསར་པ་འགའ་མིན་པར་དེ་བས་འདུ་ཤེས་གསར་བརྗེས་ཐེངས་ཤིག་བྱས་པ་ཡིན།
     སྨན་བཅོས་ཤེས་ལྡན་པ་དཀོན་པའི་ད་ལྟའི་གནས་ཚུལ་ལ་དམིགས་ནས་ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་གསུམ་པའི་སྨན་བཅོས་རུ་ཁག་གི་ཁོངས་མི་ཚང་མས“གཅིག་གཏད་གཅིག”གམ་ཡང་ན“གཅིག་གཏད་མང་པོའི”བྱེད་ཐབས་སྤྱད་དེ་ཆེད་ལས་ལག་རྩལ་གྱི་རྐང་འཛིན་པ་དང་སྲིད་འཛིན་ལས་བྱེད་པ་156གཙོ་གནད་གསོ་སྐྱོང་བྱ་ཡུལ་ལ་གཏན་འཁེལ་བྱས་ཏེ་དགེ་ཕྲུག་རྣམ་པའི་གསོ་སྐྱོང་བྱས་པས་ཅུང་ལུགས་དང་མཐུན་པའི་ཤེས་ལྡན་པའི་གྲབས་གསོག་དང་སྐས་རིམ་ལྟ་བུའི་རུ་ཁག་འཛུགས་སྐྱོང་རགས་ཙམ་ཆགས་ཡོད་པ་རེད།
     “གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གིས‘ཀ་པ་རིམ་པ་གསུམ་པ’གཏོད་པའི་བྱང་ཚད་མཐོར་གཏོང་འདུ་འགོད”ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད། ལོ་གསུམ་རིང་ཁྱོན་རིགས་ཁག་གི་མཐོ་རིམ་རིག་གཞུང་གླེང་སྟེགས་40གཉེར་བ་དང་བོད་རང་སྐྱོང་ལྗོངས་ཀྱི་རིགས་ཁག་གི་སྨན་བཅོས་མི་སྣ་མི་ཐེངས་5000ལྷག་ཙམ་གསོ་སྦྱོང་བྱས་པ་རེད།
    ལས་སྒོ་དང་ཚན་ཞིབ་དོ་དམ་དཔུང་གཤིབ་མཉམ་སྐྱོད་བྱས་ནས་ལས་རིགས་ཀྱི་ཚད་ཤིང་འཛུགས་པ།
     2017ལོའི་ཟླ་7ཚེས་19ཉིན་བོད་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ཀྱི་ཡོན་ཧྲིའི་རིགས་གཅིག་མཁས་ཅན་གྱི་ལས་དོན་ས་ཚིགས་ཐོག་མ་དེ་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བཙུགས་པ་རེད། སྤུས་རྟགས་གཏོད་པ་དང་ཚན་ཁག་འཛུགས་སྐྱོང་ལ་སྣང་ཆེན་བྱ་རྒྱུ་དེ་ཧྲང་ཧའེ་གྲོང་ཁྱེར་གྱི་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད་པ་རེད།
    “ཧྲང་ཧའེ(གཞིས་རྩེའི)ནད་ཐོག་གསོ་རིག་གི་ནད་བརྟག་སྨན་བཅོས་ལྟེ་གནས”ནུས་ཤུགས་ཡོད་རྒུས་གཏོད་དེ་བོད་ཀྱི་ནུབ་རྒྱུད་ཀྱི་གསོ་རིག་གི་མཐོ་ས་བསྐྲུན་ཆེད། ཉེ་བའི་ལོ་ཤས་རིང་ཧྲང་ཧའེ་ཀྲུང་ཧྲན་སྨན་ཁང་དང་། ཧྭ་ཧྲན་སྨན་ཁང་། རུའེ་ཅིན་སྨན་ཁང་སོགས་སྨན་ཁང་9ཡིས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དང“སྨན་ཁང་གིས་ཚན་ཁག་འགན་གཙང་ལེན་པའི”མཉམ་ལས་གྲོས་མཐུན་ཡི་གེར་དངོས་སུ་མིང་རྟགས་བཀོད་དེ་སྨན་ཁང་གི་ཕྱི་བཅོས་དཀྱུས་མའི་ཚན་ཁག་སོགས་ཁོའོ་ཧྲི་9སོ་སོར་ཁ་གཏད་རོགས་སྐྱོར་བྱེད་པ་དང་། སྨན་བཅོས་དང་། སློབ་ཁྲིད། ཞིབ་འཇུག དོ་དམ་བཅས་ཕྱོགས་མང་པོའི་རྒྱབ་སྐྱོར་བརྒྱུད་བོད་རང་སྐྱོང་ལྗོངས་ཀྱི་ནད་ཐོག་གསོ་རིག་གི་སྨན་བཅོས་དང་ནད་བརྟག་སྨན་བཅོས་ལྟེ་གནས་རྩེ་གྲ་བཏོད་པ་རེད།
     ཚོགས་སྒྲིག་རྣམ་པའི་བོད་སྐྱོར་རིགས་གཅིག་མཁས་ཅན་གྱི་སྣེ་ཁྲིད་འོག་གཞིས་རྩེ་གྲོང་ཁྱེར་གྱི་སྨན་བཅོས་ཤེས་ལྡན་པས་རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་རིམ་གཉིས་ཚན་རྩལ་སྡེ་ཚན་ལ་ཚན་ཞིབ་ཀྱི་ཞིབ་འཇུག་བྱ་གཞི་74དང་རྒྱལ་ཁབ་རིམ་པའི་གསོ་རིག་གི་རྒྱུན་མཐུད་སློབ་གསོའི་རྣམ་གྲངས་1རེ་ཞུ་བྱས་པ་རེད།