འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་7ཉིན།

༄༅།།ཧྲང་ཧའེ་ཡི་དང་བླངས་པ་500ཙམ་གྱིས་ལོ་20ཡི་རིང་ཡུན་ནན་བདེ་ཆེན་སོགས་ཀྱི་ཀྲོའུ་དང་གྲོང་ཁྱེར་དུ་
བསྐྱོད་དེ་རྒྱུན་མཐུད་རོགས་སྐྱོར་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་07ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན། གསར་འགོད་པར་ཉེ་ཆར་ཁུན་མིང་དུ་འཚོགས་པའི་ཧྲང་ཧའེ་དང་ཡུན་ནན་གྱི་དང་བླངས་ཞབས་ཞུའི་རྒྱུན་མཐུད་འཆར་གཞིའི་ལོ་20ཡི་དྲན་གསོའི་བྱེད་སྒོ་ནས་ཤེས་རྟོགས་བྱུང་བར། འཆར་གཞི་དེ་ལག་བསྟར་བྱས་ནས་ལོ་20ཡི་རིང་ལ་རིམ་རྩིས་བྱས་ན་ཧྲང་ཧའེ་ཡི་གཞོན་ནུ་དང་བླངས་པ་479ཡུན་ནན་དུ་བསྐྱོད་དེ་དང་བླངས་རོགས་སྐྱོར་ཞབས་ཞུ་བྱས་པ་རེད།
     1998ལོར་གུང་གཞོན་སྡེ་ཚོགས་ཧྲང་ཧའེ་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་ཤེས་དཔལ་གཞུང་ལས་ཁང་གིས། ཧྲང་ཧའེ་ཡིས་ཡུན་ནན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་གྱི་སྤྱིའི་བཀོད་སྒྲིག་གཞིར་བཟུང་། ཧྲང་ཧའེ་དང་ཡུན་ནན་གྱི་དང་བླངས་ཞབས་ཞུའི་རྒྱུན་མཐུད་འཆར་གཞི་སྤེལ་ཏེ་སྤྱི་ཚོགས་ཀྱིས་བསྡུ་རུབ་དང་། རྩ་འཛུགས་ཀྱིས་འདེབས་པ། ཁ་གཏད་རོགས་སྐྱོར། དུས་བཀག་ལྟར་བརྗེ་རེས་བྱེད་པ་བཅས་ཀྱི་ཐབས་ལམ་བརྒྱུད་ལོ་རེར་ཚད་གཞི་ངེས་ཅན་གྱི་གཞོན་ནུ་དང་བླངས་པ་བསྡུ་རུབ་བྱས་ནས། ཡུན་ནན་ཞིང་ཆེན་གྱི་ཕུའར་དང་ཧུང་ཧོ་སོགས་ཀྱི་ཀྲོའུ་དང་གྲོང་ཁྱེར་དུ་བསྐྱོད་དེ་སྨན་བཅོས་འཕྲོད་བསྟེན་དང་། རྨང་གཞིའི་སློབ་གསོ། ཞིང་ལས་ཚན་རྩལ། ཁེ་ལས་དོ་དམ། ལག་རྩལ་རྒྱབ་སྐྱོར་སོགས་ཀྱི་ཐད་ལ་རོགས་སྐྱོར་ལས་དོན་སྤེལ་བ་རེད།
    2009ལོར་དང་བླངས་པ་ཀྲའོ་ཡུན་གྱིས་ཧྲང་ཧའེ་ནས་ཡུན་ནན་ཧུང་ཧོ་རུ་བསྐྱོད་དེ་ཞིང་ལས་ལག་རྩལ་གསོ་སྦྱོང་ལས་དོན་འབོར་ཆེན་སྤེལ་རོགས་བྱས་ནས་ས་གནས་དེ་གའི་མང་ཚོགས་2000ཙམ་ལ་ཕན་པ་ཐོབ་ཡོད། ཁོ་མོས་ཞབས་འདེགས་ཞུ་ཡུལ་དུ་སྔ་རྗེས་སུ་དཔེ་གསར་དང་། ཁྱད་འཕགས། སྤུས་ལེགས་བཅས་ཀྱི་སྔོ་ཚལ་དང་ཤིང་འབྲས་སྣ་ཁ་5མཁོ་འདོན་བྱས་པ་དང་ཆབས་ཅིག་ཧྲང་ཧའེ་ཡི་སྔོ་ཚལ་དང་ཤིང་འབྲས་ཉོ་སྒྲུབ་ཚོང་ཁང་དང་འབྲེལ་མཐུད་ཀྱིས་ཞབས་འདེགས་ཞུ་ཡུལ་གྱི་འདེབས་འཛུགས་དུད་ཚང་ཆེ་མོར་ཞིང་ལས་ཐོན་རྫས་ཉོ་སྒྲུབ་དང་ཕྱིར་ཚོང་གི་ཆ་འཕྲིན་མཁོ་འདོན་དང་ཕྱིར་ཚོང་ལམ་བུ་རྒྱ་སྐྱེད་གཏོང་རོགས་བྱས་པས་ཞིང་པར་འབབ་འཕར་བྱུང་བ་རེད།
     ཀྲའོ་ཡུན་གྱིས“ཡུན་ནན་དུ་ཞབས་འདེགས་ཞུ་བར་སྐྱོད་ཐུབ་པ་ནི་མི་ཚེའི་ཉམས་མྱོང་རྩ་ཆེན་ཞིག་ཡིན་ལ་ས་གནས་དེ་གའི་མང་ཚོགས་ལ་ནམ་ཡང་ཕན་པ་ཐོབ་པ་བྱ་རྒྱུ་ནི་ང་ཚོའི་འགན་འཁྲི་རེད”ཅེས་བཤད།
     ལོ་20ཡི་རིང་། ཧྲང་ཧའེ་ཡི་གཞོན་ནུ་དང་བླངས་པས་ཡུན་ནན་དུ་རིམ་རྩིས་བྱས་ན་མི་ཐེངས་ཁྲི་11ལ་སྒོ་བསྟེན་ལྷན་འཛོམས་སྨན་བཅོས་དང་ནད་ཐོག་སྨན་བཅོས་བྱེད་སྟངས་སློབ་ཁྲིད་བྱས་པ་དང་། རིགས་མི་འདྲ་བའི་གཤགས་བཅོས་ཁག་6153ལ་ཞུགས་པ། ནད་གཞི་ཚབས་ཆེན་ཕོག་པའི་ནད་པ་2911མྱུར་སྐྱོབ་བྱས་པ། སྨན་བཅོས་འཆད་ཁྲིད་ཐེངས་1237བྱས་པ། ལོ་རེར་ཆ་སྙོམས་གཤམ་སྐྱོད་འོས་འགན་སྨན་བཅོས་ཐེངས་50ལྷག་ཙམ་བྱས་པ། ཞིང་ལས་དང་བླངས་པས་ཞིང་ལས་ཐོན་རྫས་ཚོད་འདེབས་ཁྱབ་གདལ་ལ་གཞོལ་ཏེ་ལོ་རེར་ཆ་སྙོམས་ཞིང་ལས་ལག་རྩལ་ཤེས་བྱ་གསོ་སྦྱོང་ཐེངས་10ལྷག་ཙམ་བྱས་པ། ཡུན་ནན་གྱི་སློབ་མ་དབུལ་པོར་ཞལ་འདེབས་དང་འབྲེལ་གཏུགས་ཞལ་འདེབས་སྒོར་ཁྲི་120ལྷག་ཙམ་བྱས་པ་དང་ཆབས་ཅིག་རླུང་འཕྲིན་ཡོ་བྱད་དང་། སྨན་བཅོས་ཡོ་བྱད། སྨན་རྫས། གློག་ཀླད། དཔེ་དེབ། གྱོན་ཆས་སོགས་རིན་ཐང་སྒོར་ཁྲི་350ལྷག་ཙམ་རི་བའི་དངོས་རྫས་སྣ་ཚོགས་ཞལ་འདེབས་ཕུལ་བ་རེད།