འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་7ཉིན།

༄༅།།ཀྲུང་གོར་བསྐྱོད་ན་གཡུར་ཟའི་གྲུབ་འབྲས་ཐོབ་ངེས་ཡིན་པ། 

—— ཅོར་ཏན་གྱི་བཙུན་མོ་ལཱ་ཉི་ཡར་བཅར་འདྲི་ཞུས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་07ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན་ཀྲུང་གོའི་ཧང་ཀྲོའུ་རུ་2018ལོའི་གོ་ལ་ཧྲིལ་པོའི་XINསྤྱི་ཕན་ཚོགས་ཆེན་ལ་ཞུགས་པའི་ཅོར་ཏན་གྱི་བཙུན་མོ་ལཱ་ཉི་ཡས་རྡོག་ཐོན་མ་གནང་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བ་རེད། ཁོང་གིས་ད་ཐེངས་ཀྲུང་གོར་བསྐྱོད་རྒྱུར་རེ་སྒུག་གིས་ཁེངས་ཡོད་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས།
     ལཱ་ཉི་ཡས“པེ་ཅིང་ནི་འཛམ་གླིང་ཐོག་གི་ཚན་རྩལ་ལྟེ་གནས་རྩེ་གྲའི་གྲས་ཡིན་པ་དང་ཀྲུང་གོ་ནི་འཛམ་གླིང་གི་མདུན་གྲལ་དུ་སླེབས་པའི་ཚན་རྩལ་གསར་གཏོད་རྒྱལ་ཁབ་ཅིག་ཡིན་པས་དུས་རབས་འདི་ལྟ་བུའི་རྒྱབ་ལྗོངས་འོག་ང་ཀྲུང་གོར་འཚམས་འདྲིར་བསྐྱོད་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་སྐྱེས་བྱུང་ལ་ད་ཐེངས་ཀྲུང་གོར་བསྐྱོད་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་གསུངས།
     2007ལོའི་ཟླ་9པར་ལཱ་ཉི་ཡས་ཀྲུང་གོར་ལས་དོན་འཚམས་འདྲིར་ཕེབས་ནས་ད་བར་ལོ་11འདས་ཟིན་པ་དང་། ཁོང་གིས་ཀྲུང་གོར་ཡར་རྒྱས་ཆེན་པོ་བྱུང་འདུག“ད་ཆ་ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་གཞི་ཆེ་གྲས་ཨང་གཉིས་པ་ཡིན་པ་དང་འཛམ་གླིང་གི་དཔལ་འབྱོར་ཆགས་སྟངས་ཁྲོད་གལ་འགངས་ཤིན་ཏུ་ཆེ་བ་དང་ཤུགས་རྐྱེན་ཆེན་པོ་ལྡན་པའི་གནས་བབ་བཟུང་ཡོད་པ་ནི་སྨོས་མི་དགོས་པ་ཞིག་རེད”ཅེས་གསུངས།
     ལཱ་ཉི་ཡས་ན་གཞོན་གྱི་བསྡུར་ཚད་མང་བའི་རྒྱལ་ཁབ་ཆུང་ངུ་ཞིག་ཡིན་པའི་ཅོར་ཏན་གྱིས་ཀྲུང་གོ་དང་ལག་རྩལ་དང་། ཚོང་ལས། ཚོང་དོན། སློབ་གསོ་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་པའི་བརྒྱུད་རིམ་ཁྲོད་སློབ་སྦྱོང་མང་པོ་ཞིག་བྱེད་ཐུབ་ཅེས་གསུངས།
     ལོ་མང་རིང་། ལཱ་ཉི་ཡས་ཅོར་ཏན་གྱི་སློབ་གསོ་དང་། སྨན་བཅོས། བུད་མེད་ཀྱི་ཁེ་དབང་། དགེ་སྒྲུབ་བྱ་གཞག་སོགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་ཐད་གཞོལ་བ་མ་ཟད་དེ་དག་ཐད་གོ་ལ་ཧྲིལ་པོར་སྙན་གྲགས་ཀྱང་ཐོབ་ཡོད། སྤྱི་ཕན་གྱི་བྱ་གཞག་སྐོར་གླེང་སྐབས་ཁོང་གིས“ཀྲུང་གོའི་སྤྱི་ཕན་བྱ་གཞག་གི་གོང་འཕེལ་ལས་ང་ལ་སེམས་ཤུགས་སྐྱེས་བྱུང”ཞེས་གསུངས།
     ཁོང་གིས“གལ་ཏེ་མི་མི་རེ་ངོ་རེས་བྱ་བཟང་རེ་བསྒྲུབས་ཚེ་ང་ཚོས་མི་མང་པོ་ཞིག་གི་བཀྲ་མི་ཤིས་པའི་འཚོ་བར་འགྱུར་ལྡོག་གཏོང་ཐུབ”ཅེས་གསུངས།
     ལཱ་ཉི་ཡས་ད་དུང་ཅོར་ཏན་ལ་སྐྱབས་བཅོལ་བའི་ཉམས་ཉེན་འཕྲད་པའི་སྐོར་གླེང་། བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར་སི་རི་ཡའི་སྐྱབས་བཅོལ་བ་ཁྱོན་མི་ཁྲི་130ཙམ་ཅོར་ཏན་མངའ་ཁོངས་སུ་བསྡད་ཡོད། ལཱ་ཉི་ཡས་གསུངས་པ་ལྟར་ན་ཅོར་ཏན་རྒྱལ་ཡོངས་སུ“མི་7གྱི་ཁྲོད་སི་རི་ཡའི་སྐྱབས་བཅོལ་བ་1ཡོད”པ་དེས་ཅོར་ཏན་གྱི་སྨན་བཅོས་དང་། སློབ་གསོ། རྨང་གཞིའི་སྒྲིག་བཀོད་བཅས་ཀྱི་ཐད་ཁུར་པོ་ལྕི་པོ་བཟོས་ཡོད།
     ལཱ་ཉི་ཡས“ཡིད་ཕམ་དགོས་པ་ཞིག་ལ་རྒྱལ་ཁབ་མི་ཉུང་བ་ཞིག་གིས(སྐྱབས་བཅོལ་བའི་ཉམས་ཉེན་ཡོད་པའི)ཁུར་པོ་ཚང་མ་དང་ལེན་བྱེད་མཁན་རྒྱལ་ཁབ་ལ་བཞག་ཡོད། འོན་ཀྱང་ང་ཚོས་ཀྲུང་གོ་ཚུད་པའི་རྒྱལ་ཁབ་མི་ཉུང་བ་ཞིག་གིས་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཀྲུང་གོས་ཅོར་ཏན་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱས་ཡོད་ལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ལའང་སྐུལ་འདེད་གཏོང་རོགས་བྱས་ཡོད་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས།