འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་1ཉིན།

༄༅།།སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རང་རྒྱལ་གྱི་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་01ཉིན། 13:01】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
       མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཚེས་30ཉིན་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པ་ལྟར་ན། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་། རང་རྒྱལ་གྱི་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་། སྒོ་དབྱེའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད་པ་རེད།
        ཚོང་ཟོག་ཉོ་ཚོང་གི་ཐད་ནས། ཉོ་ཚོང་སྤྱི་འབོར་གང་མྱུར་འཕར་ཞིང་། བསྡོམས་རྩིས་ལས་མངོན་པ་ལྟར་ན། 1978ལོ་ནས་2017ལོ་བར་མི་དམངས་ཤོག་སྒོར་གྱིས་གོང་རྩིས་ལྟར་རང་རྒྱལ་གྱི་ཕྱིར་གཏོང་དང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར་355ནས་སྒོར་དུང་ཕྱུར་ཁྲི་27.8བར་མཐོ་རུ་ཕྱིན་ནས་ལྡབ་782འཕར་ཡོད། གཞན་ཡང་། ཉོ་ཚོང་གི་ཁྲོམ་ར་ཉིན་བཞིན་སྣ་མང་དུ་གྱུར་པ་དང་། 1978ལོ་ནས་2017ལོའི་བར་རང་རྒྱལ་གྱི་ཉོ་ཚོང་རོགས་ཟླ་རྒྱལ་ཁབ་དང་ས་ཁུལ་40ལྷག་ནས་231བར་གོང་འཕེལ་སོང་ཡོད་པ་རེད།
         ཞབས་ཞུའི་ཉོ་ཚོང་གི་ཐད་ནས། ནང་འདྲེན་དང་ཕྱིར་གཏོང་གི་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་སོང་ཞིང་། 1982ལོ་ནས་2017ལོའི་བར་རང་རྒྱལ་གྱི་ཞབས་ཞུའི་ཕྱིར་གཏོང་དང་ནང་འདྲེན་གྱི་སྤྱི་འབོར་ཨ་སྒོར་དུང་ཕྱུར་46.9ནས་ཨ་སྒོར་དུང་ཕྱུར་6957བར་མང་དུ་ཕྱིན་ཏེ་ལྡབ་147འཕར་ཡོད་པ་རེད།
        ཕྱི་ཕྱོགས་མ་དངུལ་བེད་སྤྱོད་ཐད་ནས། གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་སོང་ཞིང་། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། རང་རྒྱལ་གྱིས་རིམ་རྩིས་བྱས་ན་ཕྱི་རྒྱལ་ཚོང་པས་ཐད་ཀར་མ་དངུལ་གཏོང་ཚད་ཨ་སྒོར་དུང་ཕྱུར་ཁྲི་2ལྷག་ཟིན་ཡོད། 2017ལོར་རང་རྒྱལ་གྱིས་དོན་དངོས་སུ་ཕྱི་ཕྱོགས་མ་དངུལ་ཨ་སྒོར་དུང་ཕྱུར་1363སྤྱད་པ་དེའི་གཞི་ཁྱོན་ནི་1983ལོའི་ལྡབ་60ཡིན། 2017ལོའི་ལོ་མཇུག་བར་དངོས་སུ་ཐོ་འགོད་བྱས་པའི་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་ཁྲི་54ཙམ་ཟིན་གྱི་ཡོད། 2017ལོར་ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་ཕྱི་ཕྱོགས་མ་དངུལ་འཁོར་རྒྱུག་བྱེད་སའི་རྒྱལ་ཁབ་ཆེ་གྲས་གཉིས་པ་ཡིན་པ་དང་། 1993ལོ་ནས་བཟུང་ཕྱི་ཕྱོགས་མ་དངུལ་གྱི་གཞི་ཁྱོན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཨང་དང་པོ་ཟིན་ཡོད་པ་རེད།
       ཕྱི་ཕྱོགས་མ་འཇོག་གི་ཐད་ནས། གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་ནུས་པ་ཉིན་བཞིན་མཐོ་རུ་ཕྱིན་ཞིང་། 2002ལོ་ནས་2017ལོའི་བར་རང་རྒྱལ་གྱིས་རིམ་རྩིས་བྱས་ན་ཕྱི་ཕྱོགས་ལ་ཐད་ཀའི་མ་དངུལ་གཏོང་ཚད་ཨ་སྒོར་དུང་ཕྱུར་ཁྲི་1.11ཟིན་ཡོད། 2017ལོར་རང་རྒྱལ་གྱི་ཕྱི་ཕྱོགས་ཀྱི་ཐད་ཀའི་མ་འཇོག་བསྡོམས་འབོར་ཨ་སྒོར་དུང་ཕྱུར་1246ཟིན་པ་དེ་2002ལོའི་ལྡབ་46ཡིན་པ་དང་ལོར་ཆ་སྙོམས་29.1%འཕར་ནས་གོ་ལ་ཧྲིལ་པོའི་ཕྱི་ཕྱོགས་མ་འཇོག་གི་རྒྱལ་ཁབ་ཆེ་གྲས་གསུམ་པར་གྱུར་ཡོད་པ་རེད།
        རྒྱལ་ཁབ་བསྡོམས་རྩིས་ཅུས་ཉོ་ཚོང་ཕྱི་ཕྱོགས་དཔལ་འབྱོར་སིའི་འབྲེལ་ཡོད་འགན་འཁུར་བས། ལོ་40ཡི་རིང་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ནས་ས་ཁོངས་ཀྱི་སྒོ་དབྱེའི་བཀོད་པ་ཟམ་མི་ཆད་པར་ལེགས་སྒྱུར་བྱས་པ་དང་། ཕྱི་རྒྱལ་ཚོང་པའི་མ་འཇོག་ཁོར་ཡུག་རྒྱུན་སྲིང་ལེགས་སུ་བཏང་བ། ཕྱི་ཕྱོགས་མ་འཇོག་གི་མཉམ་ལས་ལ་སྐུལ་སྤེལ་གཏིང་ཟབ་བཏང་བ། སྒོ་དབྱེའི་རྒྱལ་སྒོ་སྔར་བས་ཆེ་རུ་བཏང་བ། ཀྲུང་གོའི་དཔལ་འབྱོར་གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་མཉམ་འདྲེས་གཏིང་ཟབ་ཡོང་བ་བཅས་བྱས་ཡོད་ཅེས་བརྗོད།