འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་31ཉིན།

༄༅།།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས“དུད་ཚང་ཁྲི་སྟོང་མང་པོའི་ལྕེ་ཐོག་གི་བདེ་འཇགས་འགན་ལེན”གྱི་ཞིབ་
དཔྱོད་སྤྱི་ཕན་གཏུག་བཤེར་ལ་ཆེད་དོན་ལྟ་སྐུལ་བྱེད་སྒོ་སྤེལ་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་31ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས“དུད་ཚང་ཁྲི་སྟོང་མང་པོའི་ལྕེ་ཐོག་གི་བདེ་འཇགས་འགན་ལེན”གྱི་ཆེད་དོན་ལྟ་སྐུལ་བྱེད་སྒོ་གཅིག་གྱུར་ངང་སྤེལ་ཏེ་དྲ་རྒྱའི་བཟའ་བཏུང་ཐོན་སྐྱེད་གཉེར་སྐྱོང་པའི་བཟའ་བཅའ་ལས་སྣོན་གྱི་ཁྲིམས་འགལ་བྱེད་སྤྱོད་དང་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཁྲིམས་བཞིན་འགན་འཁྲི་ལག་བསྟར་བྱས་མིན་གྱི་གནད་དོན་གཙོ་གནད་ལྟ་སྐུལ་བྱེད་ཁོངས་སུ་བཅུག་པ་རེད།
      ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གཤམ་སྤེལ་བྱས་པའི་《“དུད་ཚང་ཁྲི་སྟོང་མང་པོའི་ལྕེ་ཐོག་གི་བདེ་འཇགས་འགན་ལེན”གྱི་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་ལ་ཆེད་དོན་ལྟ་སྐུལ་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞིའི་》ནང་བསྟན་དོན། རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་ཕྱོགས་གསུམ་ཐད་ནས་ལྟ་སྐུལ་ལས་དོན་གཙོ་གནད་ཐོག་སྤེལ་རྒྱུ་སྟེ། ཞིང་ཟོག་ཁྲོམ་ར་དང་། སྒོ་རྩིས་ཚོང་ཁང་། སློབ་གྲྭའི་ཉེ་འཁོར་སོགས་སུ་དུག་ཅན་གནོད་ཅན་ནམ་ཡང་ན་བཟའ་བཅའི་བདེ་འཇགས་ཀྱི་ཚད་གཞི་ལོན་མེད་པའི་བཟའ་བཅར་སྤྱོད་པའི་ཞིང་ལས་ཐོན་རྫས་དང་བཟའ་བཅའ་ཕྱིར་ཚོང་བྱ་སྤྱོད་དང་དེ་བཞིན་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཁྲིམས་བཞིན་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་བསྟར་བྱས་མིན་གྱི་གནད་དོན་དང་། དྲ་རྒྱའི་བཟའ་བཏུང་ཐོན་སྐྱེད་གཉེར་སྐྱོང་པའི་བཟའ་བཅའ་ལས་སྣོན་གྱི་ཁྲིམས་འགལ་བྱེད་སྤྱོད་དང་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཁྲིམས་བཞིན་འགན་འཁྲི་ལག་བསྟར་བྱས་མིན་གྱི་གནད་དོན། འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་གྱི་གཏན་འབེབས་ལས་འགལ་བའི་ཁྲིམས་འགལ་བྱེད་སྤྱོད་དང་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་འགན་འཁྲི་ལག་བསྟར་བྱས་མིན་གྱི་གནད་དོན་བཅས་ལ་ལྟ་སྐུལ་བྱ་རྒྱུ་ཡིན་པ་རེད།
     《ཇུས་གཞིའི་》ནང་ད་ཐེངས་ཀྱི་ཆེད་དོན་ལྟ་སྐུལ་བྱེད་སྒོ་སྤེལ་རིང་ཞིང་ཟོག་ཁྲོམ་ར་དང་སྒོ་རྩིས་ཚོང་ཁང་དུ་ཕྱིར་ཚོང་བྱེད་པའི་བཟའ་བཅར་སྤྱོད་པའི་ཞིང་ལས་ཐོན་རྫས་དང་། བཟའ་བཅའ་དང་དྲ་རྒྱའི་བཟའ་འཐུང་། དེ་བཞིན་ཆུ་འགོ་སྲུང་སྐྱོང་བཅས་ལ་གཙོ་གནད་ལྟ་སྐུལ་བྱས་ཏེ་བཟའ་བཅར་སྤྱོད་པའི་ཞིང་ལས་ཐོན་རྫས་དང་། བཟའ་བཅའ་ཐོན་སྐྱེད། ཕྱིར་ཚོང་བཅས་དང་འབྲེལ་བའི་སྤྱི་ཕན་ཞུ་གཏུག་གྱོད་གཞི་བདག་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་འགལ་ངང་དབང་ཆ་སྤྱོད་པ་དང་དགོས་པའི་ལས་མི་བྱེད་པའི་བྱེད་སྤྱོད་ཡོ་བསྲང་། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཟོ་བའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་བཅས་བཏང་ནས“དུད་ཚང་ཁྲི་སྟོང་མང་པོའི་ལྕེ་ཐོག་གི་བདེ་འཇགས”འགན་ལེན་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་ལས་དོན་ལ་སྲུང་སྐྱོང་བྱེད་པའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།
      《ཇུས་གཞིའི་》ནང་རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ད་ཐེངས་ཀྱི་ཆེད་དོན་ལྟ་སྐུལ་བྱེད་སྒོའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་དེ་ཉིད་འདི་ལོའི་གཙོ་གནད་ལས་དོན་ལ་བརྩིས་ནས་སྐུལ་སློང་བཀོད་སྒྲིག་བྱས་ཏེ་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།