འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་30ཉིན།

༄༅།།བོད་ལྗོངས་ཚེ་རིང་མཆེད་ལྔའི་གངས་རིའི་རྟེན་རྫས་བཤམས་མཛོད་ཁང་བསྐྱར་དུ་སྒོ་ཕྱེ་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་30ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།བོད་ལྗོངས་ཚེ་རིང་མཆེད་ལྔའི་གངས་རིའི་རྟེན་རྫས་བཤམས་མཛོད་ཁང་བསྐྱར་དུ་སྒོ་ཕྱེ་བ།
        མི་དམངས་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་དོག་སྡེ་ཤང་གི་གྲོང་ཚོ་དང་པོར་གནས་པའི་ལོ་གཅིག་ཙམ་བསྐྱར་གསོ་བྱས་པའི་བོད་ལྗོངས་ཚེ་རིང་མཆེད་ལྔའི་གངས་རིའི་རྟེན་རྫས་བཤམས་མཛོད་ཁང་བསྐྱར་དུ་སྒོ་ཕྱེ་ཡོད།
           བོད་ལྗོངས་ཚེ་རིང་མཆེད་ལྔའི་གངས་རིའི་རྟེན་རྫས་བཤམས་མཛོད་ཁང་2015ལོར་སྒོ་ཕྱེ་ཞིང་། བོད་ལྗོངས་ཀྱི་རི་འཛེག་ལས་རིགས་ཀྱི་སྣེ་ཁྲིད་མི་སྣ། བོད་ལྗོངས་རི་འཛེག་སློབ་གྲྭ་ཐོག་མར་འཛུགས་མཁན་ཉི་མ་ཚེ་རིང་གིས་གྲབས་འཛུགས་བྱས་པ་དང་། དམིགས་ཡུལ་ནི་མིའི་རིགས་ཀྱི་རི་འཛེག་ལུས་རྩལ་གྱི་ལོ་རྒྱུས་མངོན་པ་མ་ཟད་ཕུལ་དུ་བྱུང་བའི་བོད་ལྗོངས་ཀྱི་རི་འཛེག་རིག་གནས་རྒྱུན་མཐུད་དང་གོང་འཕེལ་གཏོང་ཆེད་རེད། རྟེན་རྫས་བཤམས་མཛོད་ཁང་ཧྲིལ་པོ་བརྗོད་བྱ་གཙོ་བོའི་བཤམས་སྟོན་ཚོམས་ཆེན་དང་། མཉམ་འགུལ་མྱོང་ཚོར་ཁུལ། གནས་སྐབས་འགྲེམས་སྟོན་བཅས་ཁག་གསུམ་ལས་གྲུབ་ཡོད། རྟེན་རྫས་བཤམས་མཛོད་ཁང་ནང་རྩ་ཆེའི་དངོས་རྫས་ཆིག་སྟོང་ཙམ་ཡོད་ཅིང་། དེའི་ནང་འཛམ་གླིང་ཐོག་ཆེས་སྐད་གྲགས་ལྡན་པའི་རི་འཛེགས་མཁས་ཅན་ཤི་ལ་ལི་དང་ཀྲུང་གོའི་ཇོ་རིར་འཛེགས་མཁན་བུད་མེད་ཨང་དང་པོ་ཕན་ཐོགས་ཀྱི་ཤུལ་བཞག་དངོས་རྫས་དང་། 2008ལོའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་མེ་སོན་སྒྲོན་མེ་བཅས་ཡོད། རྟེན་རྫས་བཤམས་མཛོད་ཁང་དེའི་ནང་གི་ཆེས་སྐད་གྲགས་ཆེ་བའི་ཉར་ཚགས་དངོས་པོ་ནི“ཀྲུང་གོའི་སྐས་འཛེགས”ཞེས་པ་དེ་ཡིན་ཞིང་། དེ་ནི་ཀྲུང་གོའི་རི་འཛེག་རུ་ཁག་གིས་1975ལོར་ཇོ་མོ་གླང་མར་འཛེགས་པའི་སྐབས“ཐེམ་སྐས་ཨང་གཉིས་པའི”བྲག་ངོས་སྟེང་བེད་སྤྱོད་བྱས་པའི་མཐོ་ཚད་ལ་སྨི་6ཙམ་ཡོད་པའི་ལྕགས་རིགས་ཀྱི་སྐས་འཛེགས་ཞིག་ཡིན། 2008ལོར། ཇོ་མོ་གླང་མའི་མཐོ་ཚད་སྨི་8700ཡི་ཐོག་ལོ་ངོ་33བེད་སྤྱོད་བྱས་པའི“ཀྲུང་གོའི་སྐས་འཛེགས”ཀྱིས་ལོ་རྒྱུས་ཀྱི་འགན་འཁྲི་འགྲུབ་རྗེས་རྟེན་རྫས་བཤམས་མཛོད་ཁང་གི“གཅེས་ནོར”ཞིག་ཏུ་གྱུར་ཡོད།
        རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་གཞོན་པ་ཚེ་རིང་བཀྲ་ཤིས་ཀྱིས། “རྟེན་རྫས་བཤམས་མཛོད་ཁང་ལོ་གཅིག་ཙམ་རིང་བསྐྱར་གསོ་བྱས་རྗེས། སྲོལ་རྒྱུན་གྱི་རྟེན་རྫས་བཤམས་མཛོད་ཁང་ནས་དེང་རབས་ཀྱི་ལག་རྩལ་སྤྱད་ནས་འགྲེམས་སྟོན་བྱེད་པའི་བློ་གྲོས་རང་བཞིན་ལྡན་པའི་རྟེན་རྫས་བཤམས་མཛོད་ཁང་དུ་གྱུར་ཡོད། རྟེན་རྫས་བཤམས་སྟོན་ཁང་ནང་གི་དངོས་རྫས་ཚང་མ་སླར་ཡང་རིགས་དབྱེ་བཀོད་སྒྲིག་བྱས་པས་ལག་ཐོགས་ཁ་པར་གྱི་རྩ་གཉིས་ཨང་རྟགས་སྤྱད་ན་དངོས་རྫས་ཀྱི་ངོ་སྤྲོད་གཟིགས་ཐུབ་པ་དང་། ལྟ་སྐོར་བས་ད་དུང་ཆེད་མངགས་ཀྱི་ཉན་བྱེད་འཕྲུལ་ཆས་སྤྱད་ནས་བོད་ལྗོངས་ཀྱི་རི་འཛེག་རིག་གནས་ཀྱི་ལོ་རྒྱུས་ཀྱི་འཕོ་འགྱུར་དང་འཚོལ་ཞིབ་ཀྱི་གཏམ་རྒྱུད་ཉན་ཆོག”ཅེས་བརྗོད།
          ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཚེ་རིང་མཆེད་ལྔའི་གངས་རིའི་རྟེན་རྫས་བཤམས་མཛོད་ཁང་སྒོ་ཕྱེ་བའི་དུས་ཚོད་ནི་ཉིན་རེའི་ཆུ་ཚད་10:00—18:00བར་དང(གཟའ་ཟླ་བར་སྒོ་རྒྱག་རྒྱུ་)  སྤ་སེའི་རིན་གོང་སྒོར་30ཡིན། རྒན་རྒོན་དང་སློབ་མས་རིན་མི་དགོས་པར་ལྟ་སྐོར་བྱེད་ཆོག
【1】  【2】  【3】  
༄༅།།བོད་ལྗོངས་ཚེ་རིང་མཆེད་ལྔའི་གངས་རིའི་རྟེན་རྫས་བཤམས་མཛོད་ཁང་བསྐྱར་དུ་སྒོ་ཕྱེ་བ།