འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་29ཉིན།

༄༅།།ཚེ་སྲོག་གི་ལེགས་སྐྱེས། 

—— སྤྱི་ལེ་5000བརྒལ་བའི་ཚེ་སྲོག་གི་རྒྱུན་མཐུད། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་29ཉིན། 12:35】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
ཞལ་འདེབས་ཕུལ་བའི་མཆིན་པ་དང་མཁལ་མ་སྤོ་འཛུགས་གཤགས་བཅོས་བྱེད་བཞིན་པ།
ཞལ་འདེབས་ཕུལ་བའི་མཆིན་པ་དང་མཁལ་མ་སྤོ་འཛུགས་གཤགས་བཅོས་བྱེད་བཞིན་པ།
        མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་22ཉིན་གྱི་ཞོགས་པའི་ཆུ་ཚོད་5དང་སྐར་མ་35ལ་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ICUཡི་ནད་ཁང་ཕྱིའི་བར་ཁྱམས་སུ་ཝང་ཞའོ་ཡུན་གྱིས་བཟའ་ཟླ་ལི་ཧུང་ཡན་གྱི་ཉལ་ཁྲིའི་གཞོགས་སུ་ངུ་བཞིན་ཡོད། ཁོ་མོས་དེ་ནི་རང་ཉིད་ཀྱི་བཟའ་ཟླ་འཕྲད་ཐེངས་མཇུག་ཤོས་རེད་སྙམ་ནས་སེམས་སྡུག་གིས་མནར།
       ཆུ་ཚོད་ཕྱེད་ཀའི་རྗེས་སུ་ཝང་ཞའོ་ཡུན་དང་ནང་མི་ཚང་མའི་འདུན་པ་ལྟར་ཚོར་སྣང་ཉམས་ཟིན་པའི་ལི་ཧུང་ཡན་གྱི་ཚེ་སྲོག་རྒྱུན་སྲིང་བྱེད་པའི་སྨན་ཆས་ཀྱི་སྒྲིག་ཆས་དག་བཀྲོལ་རྗེས་ཁྱིམ་དང་བར་ཐག་སྤྱི་ལེ་3500ལྷག་ཙམ་ཡོད་པའི་ས་མཐོར་ཁོང་གི་དབང་པོ་ལེན་པའི་གཤགས་བཅོས་བྱས་པ་དེ་བོད་ལྗོངས་ཀྱི་དབང་པོ་ཞལ་འདེབས་རྒྱག་མཁན་དང་པོར་གྱུར་པ་རེད།
       ཧེ་ལུང་ཅང་ནས་བོད་དུ་ལམ་ཟམ་སྐྲུན་མཁན་གྱི་བཟོ་པ་དཀྱུས་མ་ཞིག་ཡིན་པའི་ཁོང་དུས་དེ་ནས་བཟུང་ཕ་ཡུལ་དུ་ཕྱིར་ལོག་ཐབས་བྲལ།
        འོན་ཀྱང་ཝང་ཞའོ་ཡུན་གྱིས་རྒྱང་རིང་གི་མི་རྒྱུས་མེད་ཅིག་གི་ལུས་ལ་རང་ཉིད་ཀྱི་བཟའ་ཟླའི་ཚེ་སྲོག་རྒྱུན་མཐུད་ཐུབ་པའི་ཡིད་ཆེས་ཀྱིས་ཁེངས།
       ཚེ་སྲོག་གི་གཏམ་རྒྱུད།
       བོད་ལྗོངས་ཀྱི་ལྷོ་རྒྱུད་རི་ཁུལ་གྱི་རྒྱལ་ལམ་560ལམ་དུམ་གྱི་ས་བབ་མཐོ་ཚད་སྨི་4800ཡོད་པའི་བསྐྱར་སྐྲུན་ལས་ཡུལ་དེ་ནི་ལི་ཧུང་ཡན་གསོན་པོར་སྡོད་སྐབས་ཀྱི་ལས་ཀ་བྱ་ཡུལརེད།
       གཟུགས་པོ་ཐང་པོ་མེད་པའི་ཝང་ཞའོ་ཡུན་ལ་ལས་ཀ་མེད་པ་མ་ཟད། བཟའ་ཟླའི་ལས་ཀ་བྱ་ཡུལ་དུ་དེ་བས་ཡོང་མྱོང་མེད། ཚེས་15ཉིན་གྱི་ཐོ་རེངས་ཁོ་མོ་གངས་ལྗོངས་ས་མཐོར་སླེབས་སྐབས་ལི་ཧུང་ཡན་ཀླད་ཁྲག་འདྲེས་ནས་ཆུ་ཚོད་30ཙམ་སོང་ཟིན། ཟླ་ལྔའི་གོང་ཁ་གྱེས་མ་ཐག་པའི་རང་ཉིད་ཀྱི་བཟའ་ཟླ་ནད་ཁྲིའི་སྟེང་དྲན་པ་ཐོར་ཏེ་སྨན་ཆས་ཡོ་ཆས་ལ་བརྟེན་ནས་ཚེ་སྲོག་གི་རྒྱུན་སྐྱོང་བཞིན་ཡོད། 
       སྨན་པས་ནད་གཞི་སྨན་བཅོས་ཐུབ་པའི་རེ་བ་ཧ་ཅང་ཆུང་ཆུང་རེད་ཅེས་རྗོད་སྐབས་སེམས་སྡུག་གིས་མནར་བའི་ཝང་ཞའོ་ཡུན་གྱིས་རང་ཉིད་ཀྱི་བུ་མོ་ལི་ཅ་ཤིན་སྐད་བཏང་སྟེ“གལ་སྲིད་པ་ཕ་མ་གསོན་ན་ཁོང་གི་དབང་པོ་ཞལ་འདེབས་འབུལ་རྒྱུ་ཡིན”ཞེས་ཐག་གལ་ཆེན་ཞིག་བཅད། 
       “དབང་པོ་ཞལ་འདེབས་འབུལ་རྒྱུ་ཡིན”ཞེས་པའི་སྐད་ཆ་འདི་ལི་ཚང་དང་ངོ་ཤེས་ནས་ལོ་མང་ཕྱིན་པའི་ལས་རོགས་ཀེ་ཀྲང་མིང་གིས་ཐོས་རྗེས་ཧང་སངས་ནས“དེ་ནི་བརྙན་འཕྲིན་ནས་མ་གཏོགས་མཐོང་མྱོང་མེད་པའི་བྱ་བ་ཞིག་རེད”ཅེས་བརྗོད།
        གཤགས་བཅོས་རིགས་གཅིག་མཁས་ཅན་དཔུང་ཁག་གི་ཁོངས་མི་ཡའོ་ཙེ་ཆིང་གིས་ཝང་ཞའོ་ཡུན་མ་སྨད་གཉིས་ཀྱིས་མིང་རྟགས་བཀོད་པའི་《ཀྲུང་གོ་མིའི་ལུས་པོའི་དབང་པོ་ཞལ་འདེབས་ཀྱི་ཐོ་འགོད་རེའུ་མིག་》ལག་ཏུ་རག་སྐབས་ཧང་སངས་པ་རེད། ཁོང་ནི་ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོའི(ཨན་ཧུའེ་ཞིང་བཙུགས་སྨན་ཁང)དབང་པོ་ཉར་ཚགས་རྩ་འཛུགས་ཀྱི(opo)ཀྲུའུ་རེན་ཡིན་པ་དང་དེ་སྔོན་ལག་བརྒྱུད་བྱས་པའི་དབང་པོ་ཞལ་འདེབས་བརྒྱབ་པ་བཅུ་ཕྲག་ཁ་ཤས་ལ་ནང་མི་མང་པོ་ཞིག་ལ་དབང་པོ་ཞལ་འདེབས་རྒྱག་རྒྱུའི་སྐུལ་སློང་བྱས་རྗེས་གཞི་ནས་མོས་མཐུན་བྱས་པ་ཞིག་ཡིན་པ་དང་དེས་ན་མི་མང་ཆེ་བས་སྲོལ་རྒྱུན་གྱི་འདུ་ཤེས་ལྟར་སྙིང་ཁམས་སོགས་རྩ་ཆེའི་ནང་ཁྲོལ་ཞལ་འདེབས་འབུལ་གྱི་མེད་ཅེས་བརྗོད།
        འོན་ཀྱང་ཝང་ཞའོ་ཡུན་མ་སྨད་གཉིས་ཀྱིས་སྙིང་དང་། གློ་བ། མཆིན་པ། མཁལ་མ། མཆེར་པ། རྒྱུ་མ། མིག་རིལ་སོགས་ཀྱི་གདམ་བྱར་མིང་རྟགས་བཀོད་དེ་མི་སྐྱོབ་ཐུབ་པ་ཚང་མ་ཞལ་འདེབས་སུ་ཕུལ་བ་རེད།
       “བཟའ་ཟླའི་དབང་པོས་མི་དེ་བས་མང་བར་རོགས་རམ་བྱེད་ཐུབ་ན་སྙམ་པ་ལས་བསམ་ཚུལ་གཞན་གང་ཡང་མེད”ཅེས་ཝང་ཞའོ་ཡུན་གྱིས་བརྗོད་པ་དང་། ཚེས་22ཉིན་གྱི་ཞོགས་པའི་ཆུ་ཚོད་6པར་བཤགས་བཅོས་ཁང་གི་ཕྱི་ལོགས་ནས་ལྟ་བཞིན“ཁོང་ནི་མི་བཟང་པོ་ཞིག་ཡིན་པས་མོས་མཐུན་བྱེད་སྲིད”ཅེས་བརྗོད།
        ཚེ་སྲོག་གི་རྒྱུན་མཐུད།
        ཚེས་22ཉིན་གྱི་ཞོགས་པའི་ཆུ་ཚོད་6དང་སྐར་མ་39ལ་ལི་ཧུང་ཡན་གྱི་སྙིང་འཕར་མཚམས་ཆད་པ་དང་དེ་རྗེས་གཤགས་བཅོས་དཔུང་ཁག་གཤགས་བཅོས་ཁང་དུ་འཛུལ། ཆུ་ཚོད་7དང་སྐར་མ་20ལ་ཁོང་གི་ལུས་པོའི་དབང་པོ་ཚུར་བླངས་པ་དང་། ཆུ་ཚོད་8དང་སྐར་མ་50ལ་ལི་ཧུང་ཡན་གྱི་མཁལ་མ་དང་། མཆིན་པ། མིག་གི་སྐྱི་ལྤགས། མཐོང་བྱེད་དྲ་སྐྱི་བཅས་བླུགས་པའི་དབོར་འདྲེན་སྒམ་ལྷ་ས་གོང་དཀར་གནམ་ཐང་དུ་བསྐྱལ།
       བོད་ལྗོངས་སུ་དབང་པོ་ཞལ་འདེབས་བརྒྱབ་པའི་སྔོན་དཔེ་མེད་སྟབས་ལི་ཧུང་ཡན་གྱི་ནང་མིས་ཞལ་འདེབས་རྒྱག་རྒྱུའི་རེ་ཞུ་བྱས་རྗེས་ལྷོ་ཁ་གྲོང་ཁྱེར་གྱིས་ཆེད་མངགས་ཁ་གཏད་རོགས་སྐྱོར་བྱེད་མཁན་ཨན་ཧུའེ་ཞིང་ཆེན་ལ་ལག་རྩལ་གྱི་རོགས་སྐྱོར་བྱེད་རྒྱུའི་རེ་ཞུ་ཕུལ་བ་དང་ཨན་ཧུའེ་ཞིང་ཆེན་མི་ལུས་ཀྱི་དབང་པོ་ཞལ་འདེབས་འབུལ་བའི་གཞུང་ལས་ཁང་གིས་ལས་དོན་སྤེལ་འགོ་བཙུགས་ནས་ཀྲུང་གོ་མིའི་ལུས་པོའི་དབང་པོ་ཞལ་འདེབས་ཀྱི་དོ་དམ་ལྟེ་གནས་ལ་རེ་ཞུ་ཕུལ་རྗེས་ཆོག་མཆན་ཐོབ་པ་དང་། ཨན་ཧུའེ་ཞིང་ཆེན་རྒྱ་གྲམ་དམར་རྟགས་ཚོགས་པའི་མཐུན་སྦྱོར་བའི་བདེན་དཔང་འོག་བོད་ལྗོངས་ཀྱི་《ཀྲུང་གོ་མིའི་ལུས་པོའི་དབང་པོ་ཞལ་འདེབས་ཀྱི་ཐོ་འགོད་རེའུ་མིག་》དང་པོར་མིང་རྟགས་བཀོད་དེ་དབང་པོ་ལེགས་སྐྱེས་འབུལ་མཁན་དང་ཁ་གྱེས་པའི་མཛད་སྒོ་དང་པོ་གཤགས་བཅོས་མ་བྱས་གོང་འཚོགས་པ་དང་། ཨན་ཧུའེ་དང་ཡུན་ནན་ཞིང་ཆེན་གཉིས་ཀྱི་རིགས་གཅིག་མཁས་ཅན་གྱི་འབད་བརྩོན་འོག་སྤྱི་ལེ་5000བརྒལ་བའི་ཚེ་སྲོག་གི་རྒྱུན་མཐུད་འགོ་ཚུགས་པ་རེད།
        ཚེས་23ཉིན་གྱི་ཐོ་རེངས་ཆུ་ཚོད་4པ་ཙམ་བར་མཆིན་པ་དང་། མཁལ་མ། མཐོང་བྱེད་དྲ་སྐྱི། མིག་གི་སྐྱི་ལྤགས་སོགས་ཁུན་མིང་དང་ཧོ་པེ་སོགས་སུ་སྤོ་འཛུགས་གཤགས་བཅོས་བདེ་བླག་བྱུང་ནས་ནད་པ་བཞིར་ཚེ་སྲོག་གསར་པ་དང་འོད་སྣང་སྦྱིན་པ་རེད།
        ཚེ་སྲོག་གི་བྲག་ཆ།
        ལི་ཧུང་ཡན་གྱི་ཚེ་སྲོག་ལའང་གངས་ལྗོངས་ས་མཐོར་ཚེ་སྲོག་གི་བྲག་ཆ་བྱུང་བ་རེད།
       བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པའི་ཚོགས་གཙོ་གཞོན་པ་ལིའུ་ཝུའེ་ཤིན་གྱིས་རྒྱལ་ཡོངས་སུ་2010ལོ་ནས་དབང་པོ་ཞལ་འདེབས་ཀྱི་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ་དང་བོད་ལྗོངས་ཀྱི་འབྲེལ་ཡོད་ལས་དོན་སྤེལ་འགོ་འཛུགས་པ་ཕྱི་ཙམ་ཕྱིན་མོད། འོན་ཀྱང་2018ལོའི་ཟླ་1ནས་ཟླ་8པའི་བར་ཁོ་ནར་བོད་ལྗོངས་ཀྱི་དབང་པོ་ཞལ་འདེབས་འབུལ་མཁན་གྱི་དང་བླངས་པ་དེ་སྔོན་ཐོ་འགོད་བྱས་པའི་མི་གྲངས་ཀྱི་ཕྱེད་ཀ་ཙམ་འཕར་ནས་འཕར་ཚད་མྱུར་པོ་བྱུང་ཡོད་ཅེས་བརྗོད་པ་དང་། ཁོང་གིས་བོད་ལྗོངས་ཀྱིས་དབང་པོ་ཞལ་འདེབས་འབུལ་མཁན་ལ་བང་སོའི་སྐྱེད་ཚལ་དང་དྲན་གསོའི་གྱང་བསྐྲུན་རྒྱུ་དང“ལི་ཧུང་ཡན་གྱི་མིང་ཨང་དང་པོར་འཁོད་རྒྱུ་ཡིན”ཞེས་བརྗོད།
       ལི་ཅ་ཤིན་གྱིས“པ་ཕ་ནི་རང་ཉིད་ཀྱིས་དུས་ནམ་ཡང་དད་མོས་བྱ་ཡུལ་ཞིག་ཡིན། ཁོང་གི་དབང་པོ་གསོན་ཚེ་ཁོང་ཡང་གསོན་པ་ལྟར་ངའི་པ་ཕའི་དབང་པོ་བེད་སྤྱོད་བཏང་བའི་མི་ཚང་མ་ཡག་པོ་གསོན་ཐུབ་པའི་རེ་བ་ཡོད”ཅེས་བརྗོད།