འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་29ཉིན།

༄༅།།བགྲོད་ལམ་ཡངས། སེམས་ཁམས་སྐྱིད། 

—— ཁེར་གྷི་སི་ཐན་གྱི་དམངས་ཚོགས་ཀྱིས་ཀྲུང་གོའི་ལམ་བཟོ་བར་བསྔགས་བརྗོད་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་29ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་25ཉིན་ཁེར་གྷི་སི་ཐན་གྱི་རྒྱལ་ས་པི་སི་ཁེག་གི་མ་ལམ་གཙོ་བོ་མ་ན་སི་ལམ་ཆེན་ཉམས་གསོའི་ལས་གྲྭ་ལེགས་གྲུབ་བྱུང་ནས། ཉིན་དེར་འཁོར་རིགས་ཤར་གཏོང་གི་མཛད་སྒོ་གཉེར་བ་རེད། ལམ་ཆེན་དེར་ཀྲུང་གོའི་ལམ་ཟམ་ཀུང་སིའི་འཛུགས་སྐྲུན་པ་ཚོས་འཕྲུལ་ཆས་ཀྱི་འུར་སྒྲ་དང་ཚ་གདུག་གི་ཁྲོད་དུ་དབྱར་གཞུང་བསྐྱལ་བ་རེད།
     ལོ་མང་རིང་ཉམས་གསོ་མ་བྱས་པའི་རྐྱེན་གྱིས་མ་ན་སི་ལམ་ཆེན་ཚུད་པའི་པི་སི་ཁེག་གི་གྲོང་སྲིད་འགྲོ་ལམ་མི་ཉུང་བར་སྐྱོན་ཆ་ཚབས་ཆེན་ཤོར་ཡོད། པི་སི་ཁེག་གི་གྲོང་སྲིད་འགྲོ་ལམ་གྱི་ཉམས་གསོའི་རྣམ་གྲངས་དེ་ཀྲུང་གོའི་ལམ་ཟམ་ཀུང་སིས་བསྐྲུན་འགན་ཁུར་བ་དང་། ལས་གྲྭ་ཧྲིལ་པོའི་འཆར་གཞི་དེ་2019ལོའི་ཟླ་11པར་ལེགས་སྒྲུབ་བྱེད་རྩིས་ཡོད་པ་རེད།
     པི་སི་ཁེག་གི་གྲོང་མི་ཨ་ལི་ནཱ་ཡིས“ང་ལ་ཉེ་ཆར་འགྲོ་ལམ་མང་པོ་བསྐྲུན་ཟིན་པ་མ་ཟད་སྔར་ལས་ཡག་ཏུ་ཕྱིན་པའི་དོ་སྣང་བྱུང་། ཧ་ཅང་ཡག་པོ་འདུག སྔོན་ཆད་འགྲོ་ལམ་རྙིང་པ་ཆགས་པའི་རྐྱེན་གྱིས་མོ་ཊ་འགག་པ་དང་འགྲིམ་འགྲུལ་ལས་འཛོལ་ཐོན་མྱོང་ལ་གྲོང་ཁྱེར་གྱི་རྣམ་པ་ཡང་མཛེས་པོ་མེད། ད་ཆ་གང་ས་ཅི་ཐད་ནས་འགྱུར་ལྡོག་ཕྱིན་པས་ཀྲུང་གོའི་ལམ་ཟམ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་གསར་འགོད་པར་བརྗོད་བྱུང་།
     གྲོང་མི་ནོ་ཨེར་པེ་ཁེས། ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་གསར་པར་རླངས་འཁོར་བཏང་ན་སེམས་ཀྱང་སྐྱིད་པོ་འདུག “འཛུགས་སྐྲུན་པ་འདི་དག་ལ་ཐུགས་རྗེ་ཆེ་ཞུ། ཀྲུང་གོའི་གྲོགས་པོ་རྣམ་པར་ཐུགས་རྗེ་ཆེ་ཞུ”ཞེས་བརྗོད།
     ཀྲུང་གོ་ལམ་ཟམ་པི་སི་ཁེག་ལམ་ངོས་ཉམས་གསོ་ལས་གྲྭའི་འགན་འཁུར་བ་ཀྲང་ཤིན་གྱིས། མ་ན་སི་ལམ་ཆེན་གྱི་རིང་ཚད་ལ་སྤྱི་ལེ་9ལྷག་ཡོད་པ་དེ་གྲོང་ཁྱེར་གྱི་ལྷོ་ནས་བྱང་བར་བསྲིངས་ཤིང་། དེ་ནི་ཡུལ་དེ་གའི་མི་མང་པོ་ལས་ཀར་འགྲོ་སྐབས་ཀྱི་བརྒྱུད་ལམ་ཉག་གཅིག་ཡིན་ཞེས་བརྗོད།
     ཁེར་གྷི་སི་ཐན་དུ་ཀྲུང་གོའི་ལམ་ཟམ་གླེང་ན། ཡུལ་མི་རྣམས་ཀྱིས་མཐེ་བོང་མི་སྒྲེང་མཁན་གཅིག་ཀྱང་མེད།
     “ཀྲུང་གོའི་ལམ་ཟམ་འཛུགས་སྐྲུན་པའི་ལས་རིགས་ཀྱི་སྙིང་སྟོབས་ལ་ཡི་རང་བྱེད་དགོས་པ་ཞིག་ཡོད”པི་སི་ཁེག་གྲོང་ཁྱེར་གྱི་རྨང་གཞིའི་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་ནོ་ཨེར་ལན་གྱིས“ཁོ་ཚོའི་ལག་རྩལ་སྔོན་ཐོན་རེད། དཔེར་ན། པི་སི་ཁེག་ཏུ་ལོ་རྒྱུས་ཐོག་གི་སྣུམ་སྙིགས་རྡོ་ཟེགས་བསྲེས་མའི་ལག་རྩལ་སྤྱོད་ཐེངས་ཐོག་མ་རེད”ཅེས་གསར་འགོད་པར་བཤད།
     ནོ་ཨེར་ལན་གྱིས། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་གཞན་དག་གིས་སྣུམ་སྙིགས་རྡོ་ཟེགས་བསྲེས་མའི་ལག་རྩལ་སྤྱད་ཡོད། “ཀྲུང་གོའི་རོགས་སྐྱོར་ཡོད་པའི་དབང་གིས་ང་ཚོས་འདི་ལོ་ལག་རྩལ་འདི་སྤྱོད་འགོ་ཚུགས་པ་རེད། ཐོག་མར་ང་ཚོའི་གྲོང་མིས་འདི་གང་ཞིག་བྱེད་ཀྱི་ཡོད་མེད་གཏན་ནས་ཤེས་ཀྱི་མེད། འོན་ཀྱང་ད་ཆ་འགྲོ་ལམ་གསར་པར་ཁོང་ཚོ་འདོད་བློ་ཧ་ཅང་ཁེངས་ཡོད”ཅེས་བཤད།
     ནོ་ཨེར་ལན་གྱིས་བལྟས་ན། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་རྒྱལ་ཁབ་མང་པོ་མཉམ་དུ་འདུ་རྒྱུ་མ་ཟད། “གྲོས་འགོ་འདིར་འོད་སྟོང་ལྡན་པའི་འབྱུང་འགྱུར་ཡོད་པས་ངས་གྲོས་འགོ་འདིར་རྒྱབ་སྐྱོར་བྱེད་པའི་རྒྱུ་རྐྱེན་ཡང་དེ་རེད”ཅེས་བརྗོད།
     “ཀྲུང་གོ་ནི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཀྲུང་གོ་དང་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་ནི་ང་ཚོའི་བསོད་ནམས་རེད”ཅེས་ནོ་ཨེར་ལན་གྱིས་བརྗོད།