འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་28ཉིན།

༄༅།།བོད་ལྗོངས་ཀྱི་དབྱར་རྩྭ་དགུན་འབུའི་ཐོན་ལས་ཀྱིས་ཞིང་འབྲོག་པ་དབུལ་སྒྲོལ་ལ་ཕན་འབྲས་ཐོན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་28ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་བོད་ལྗོངས་དབྱར་རྩྭ་དགུན་འབུ་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་འདི་ཉིད་དབྱར་རྩྭ་དགུན་འབུའི་ཐོན་ཁུལ་གཙོ་བོ་ཡིན་པའི་ངོས་ནས་བོད་ལྗོངས་ཀྱི་གྲོང་ཁྱེར་དྲུག་གི་ཁོངས་གཏོགས་རྫོང་40ཡི་ཤང་དང་གྲོང་རྡལ་284རུ་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཁྱབ་ཡོད་པ་རེད། འདི་ལོ་བོད་ལྗོངས་ཀྱི་ཞིང་འབྲོག་པས་ཕྱིར་ཚོང་བྱས་པའི་དབྱར་རྩྭ་དགུན་འབུའི་རིན་གོང་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་80ཙམ་ཟིན་ནས་དབྱར་རྩྭ་དགུན་འབུའི་ཐོན་ལས་དེ་ས་གནས་དེ་གའི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
         2007ལོ་ཚུན། བོད་རང་སྐྱོང་ལྗོངས་ཀྱིས་དབྱར་རྩྭ་དགུན་འབུ་སྔོག་འཐུ་ཚད་ལྡན་དོ་དམ་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོང་ནུས་ལྡན་བྱེད་པ། རང་བྱུང་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་ལ་དམིགས་ནས་འཚོལ་བསྡུ་དང་། ཉོ་ཚོང་། དོ་དམ་བཅས་ཀྱི་བྱ་ཐབས་སྔ་རྗེས་སུ་བཏོན་པས་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གྱི་མང་ཚོགས་ཚོའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད་པ་རེད། 
        བོད་རང་སྐྱོང་ལྗོངས་དབྱར་རྩྭ་དགུན་འབུ་མཐུན་ཚོགས་ཀྱི་དྲུང་ཆེ་སྒྲོལ་མ་གཡང་འཛོམས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་4པའི་ཟླ་མཇུག་ནས་བཟུང་། བོད་ལྗོངས་ཀྱི་ས་གནས་ཁག་ཏུ་རིམ་བཞིན་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱེད་པའི་ནམ་དུས་ཤར་བ་དང་། སྐྱེ་འཚར་གྱི་ཆོས་ཉིད་དང་གནམ་གཤིས་ཁོར་ཡུག་གི་ཤུགས་རྐྱེན་ཕོག་པས། འདི་ལོ་དབྱར་རྩྭ་དགུན་འབུའི་ཐོན་ཚད་ན་ནིང་གི་དུས་མཚུངས་ལས་བཅུ་ཆ་གཉིས་ནས་གསུམ་བར་ཆག་ཡོད་པ་དང་། ནག་ཆུ་སོགས་ཐོན་ཁུལ་གཙོ་བོར་དབྱར་རྩྭ་དགུན་འབུ་སྐམ་པོ་ཁེ་500ཡི་རིན་གོང་སྒོར་ཁྲི་1ཙམ་མཐོ་རུ་ཕྱིན་ཡོད་པ་རེད། སྒྲོལ་མ་གཡང་འཛོམས་ཀྱིས་འབྲེལ་ཡོད་སྡེ་ཚན་གྱིས་མིག་སྔའི་ཁྲོམ་རའི་ཐོག་དབྱར་རྩྭ་དགུན་འབུའི་འཕྲོད་སྦྱོར་ནུས་པ་དང་ཞོར་སྐྱོན་གྱི་གནོད་པ་སོགས་ཐད་ཀྱི་དོགས་གཞིར་དམིགས་ནས། 《བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་》ནང་གི་འབྲེལ་ཡོད་བཟའ་བཅའི་བདེ་འཇགས་ཉེན་ཁའི་དཔྱད་དཔོག་གི་གཏན་འབེབས་གཞིར་བཟུང་། དབྱར་རྩྭ་དགུན་འབུར་ཉེན་ཁའི་དཔྱད་དཔོག་ལས་དོན་སྤེལ་ནས་དབྱར་རྩྭ་དགུན་འབུའི་ཕན་ནུས་ཚན་རིག་དང་མཐུན་པའི་སྒོ་ནས་གཏལ་འཁེལ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།