འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་27ཉིན།

༄༅།།2018ལོའི་བསང་ཆུ་རྫོང་ཨ་མཆོག་ས་ཁུལ་སློབ་གསོ་ཡར་སྐུལ་ཚོགས་པས་ཕུལ་བྱུང་སློབ་ཆེན་སློབ་མར་
བྱ་དགའ་སྟེར་བའི་མཛད་སྒོ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་27ཉིན། 16:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།2018ལོའི་བསང་ཆུ་རྫོང་ཨ་མཆོག་ས་ཁུལ་སློབ་གསོ་ཡར་སྐུལ་ཚོགས་པས་ཕུལ་བྱུང་སློབ་ཆེན་སློབ་མར་
བྱ་དགའ་སྟེར་བའི་མཛད་སྒོ།
     ཟླ8པའི་ཚེས22ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཡ་རུ་རྒྱུད་བཅའ་སྡོད་སློབ་ཆུང་ནས་ཨ་མཆོག་ས་ཁུལ་སློབ་གསོ་ཡར་སྐུལ་ཐེབས་རྩ་ཚོགས་པས་ཕུལ་བྱུང་སློབ་ཆེན་སློབ་མར་བྱ་དགའ་གནང་བའི་མཛད་སྒོ་སྤེལ། མཛད་སྒོའི་ཐོག་ཏུ་ཨ་མཆོག་ས་ཁུལ་སློབ་གསོ་ཡར་སྐུལ་ཐེབས་རྩ་ཚོགས་པའི་ཚོགས་མི་དང་། ཨ་མཆོག་གྲོང་བརྡལ་གྱི་འབྲེལ་ཡོད་མགོ་ཁྲིད། ཡ་རུ་རྒྱུད་དོན་གཅོད་ཁང་གི་མགོ་ཁྲིད། ཨ་མཆོག་ས་ཁུལ་གྱི་བླ་མ་དབལ་མང་ཆུང་བ་ཚང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་ལགས།ཨ་མཆོག་སློབ་ཆུང་གི་སློབ་གཙོ། ཡ་རུ་རྒྱུད་བཅའ་སྡོད་སློབ་ཆུང་གི་སློབ་གཙོ།ཨ་མཆོག་ཚོ་བ་བརྒྱད་ཀྱི་རུ་ཆེན་ཚོའི་འགོ་བ། ཨ་མཆོག་དགོན་པའི་དོ་དམ་ཁང་གི་འཐུས་ཚབ།བྱ་དགའ་ཐོབ་པའི་སློབ་གྲོགས་ཡོངས་དང་ཨ་མཆོག་ས་ཁུལ་གྱི་མང་ཚོགས་མང་པོ་ཞུགས་ཤིང་།མཛད་སྒོའི་བརྒྱུད་རིམ་ཡོངས་བདེ་བླག་ངང་མཇུག་རྫོགས་པར་བྱས།
     ད་ལོར།སློབ་གསོ་ཐེབས་རྩ་ཚོགས་པས་ཨ་མཆོག་ས་ཁུལ་གྱི་ཞིབ་འཇུག་སློབ་མ་དང་དངོས་གཞི་སློབ་མ59ལ་སློབ་གསོའི་རོགས་དངུལ་སྒོར་འབུམ་གཅིག་དང་ཁྲི་བཞི་དང་སྟོང་གཅིག་གནངས་ཤིང་།(ཞིབ་འཇུག་སློབ་མ་རེ་ལ་སྒོར5000དང་།དངོས་གཞི་སློབ་མ་རེ་ལ་སྒོར་1500)ཨ་མཆོག་སློབ་གསོར་ངེས་དོན་གྱིས་ཕན་བཏགས་པའི་བསམ་གཏན་ལགས་ལ་བྱ་དགའི་དཔང་ཡིག་གནངས།
     རྒྱུས་ལོན་བྱུང་གསལ།ཨ་མཆོག་སློབ་གསོ་ཡར་སྐུལ་ཐེབས་རྩ་ཚོགས་པས2007ལོ་ནས་བཟུང་ད་བར་དུ་འབུམ་རམས་དང་རམ་འབྱམས་ཞིབ་འཇུག་སློབ་མ།དངོས་གཞི་སློབ་མ513ལ་སྡོམ་པས་བྱ་དགའི་རོགས་དངུལ་སྒོར་འབུམ་དགུ་ལྷག་གནངས།དེའི་འཕྲོད་དུ་ཐེབས་རྩ་ཚོགས་པའི་ཚོགས་གཙོ་ཨ་ཁུ་བསྟན་པ་ལགས་ནས་སྔ་ཕྱིར་རོགས་དངུལ་སྒོར་འབུམ་དྲུག་ལྷག་གནངས་སྟེ་འཁོས་དམན་སློབ་མ་མང་པོར་སློབ་ཞུགས་མཐུན་རྐྱེན་ལེགས་པོ་བསྐྲུན་ལ།ཨ་མཆོག་ས་ཁུལ་གྱི་སློབ་གསོའི་བྱ་གཞག་ལ་མཛད་རྗེས་བླ་ན་མེད་པ་བཞག་ཡོད།
     ལྷག་པར། ད་ལོའི་མཐོ་རྒྱུགས་ནང་ཞིང་ཆེན་ཡོངས་ཀྱི་མི་རིགས་ཚན་ཁག་གི་ཨང་དང་པོ་དང་གཉིས་པ་ལེན་མཁན་གྱི་ཨ་མཆོག་སློབ་མ་གཉིས་ལ་ཨ་ཁུ་བསྟན་པ་ལགས་ནས་སོ་སོར་སྒོར་ཁྲི་གཉིས་དང་ཁྲི་གཅིག་གནངས་ཏེ་སྐུལ་ལྕག་མཛད་པ་རེད།
     བྱ་དགའི་མཛད་སྒོའི་ཐོག ཨ་མཆོག་ས་ཁུལ་གྱི་བླ་མ་དབལ་མང་ཆུང་བ་ཚང་དང་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་ལགས། ཨ་མཆོག་དགོན་པའི་དོ་དམ་ཁང་གི་འཐུས་ཚབ།ཨ་མཆོག་ཚོ་བ་བརྒྱད་ཀྱི་རྒད་པོའི་འཐུས་ཚབ། ཨ་མཆོག་སློབ་གསོ་ཡར་སྐུལ་ཐེབས་རྩ་ཚོགས་པའི་ཚོགས་གཙོ་ཨ་ཁུ་བསྟན་པ་ལགས།ཨ་མཆོག་གྲོང་བརྡལ་གྱི་ཏང་ཨུའི་ཧྲུའུ་ཅི་རྟ་མགྲིན་སྐྱབས་བཅས་ཀྱིས་སྲིད་ཇུས་བཟང་པོའི་བཀའ་དྲིན་འོག་མི་རིགས་སློབ་གསོའི་བྱ་གཞག་གོང་སྤེལ་གཏོང་དགོས་པའི་གལ་ཆེན་རང་བཞིན་དང་། སློབ་གསོ་ནི་ས་ཁུལ་དང་མི་རིགས།རྒྱལ་ཁབ་འཕེལ་རྒྱས་འགྲོ་བའི་གཞི་རྩ་ཡིན་པ་བསྟན་ནས།ཨ་མཆོག་ས་ཁུལ་གྱི་རྒན་དར་གཞོན་གསུམ་ཚང་མས་སློབ་གསོར་མཐོང་ཆེན་བྱ་དགོས་པའི་འབོད་སྐུལ་ནན་གྱིས་བཏངས།
【1】  【2】
༄༅།།2018ལོའི་བསང་ཆུ་རྫོང་ཨ་མཆོག་ས་ཁུལ་སློབ་གསོ་ཡར་སྐུལ་ཚོགས་པས་ཕུལ་བྱུང་སློབ་ཆེན་སློབ་མར་
བྱ་དགའ་སྟེར་བའི་མཛད་སྒོ།