འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་25ཉིན།

༄༅།།ཀྲུང་གོའི་བདམས་ཐོན་པས་ཨེ་ཤེ་ཡ་ལུས་རྩལ་འགྲན་རར་ལུས་རྩལ་གྱི་དྲང་ནུས་མངོན་པར་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་25ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། 2018ལོའི་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་གཞུང་ལམ་རྐང་འཁོར་འགྲན་བསྡུར་ལ་ཕུའུ་དབྱི་ཤན་གྱིས་སྙིང་རུས་ཆེན་པོས་འབད་བརྩོན་དང་། ནམ་ཡང་བློས་གཏོང་མི་བྱེད་པའི་སྙིང་སྟོབས་ཀྱིས་དཔའ་ངར་ཆེན་པོས་དངུལ་གྱི་རྟགས་མ་བླངས་པ་རེད། བྱ་སྒྲོ་སྤོ་ལོའི་འགྲན་རར་ཧྲི་ཡུས་ཆིས་མ་ལེ་ཞི་ཡའི་བདམས་ཐོན་པ་ཅིན་ཡན་ལ་རྨས་སྐྱོན་ཕོག་རྗེས་དེའི་རྨས་སྐྱོན་བྱུང་ཚུལ་ལ་སེམས་ཁུར་བྱས་ནས་བརྩེ་སེམས་ཀྱི་སྙིང་སྟོབས་མངོན་པར་བྱས་ཡོད། དེ་ལྟར་ཀྲུང་གོའི་བདམས་ཐོན་པ་མང་པོ་ཞིག་གིས་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ལ་ལུས་རྩལ་གྱི་དྲང་ནུས་གང་ལེགས་མངོན་པར་བྱས་ཡོད།
      “དེ་བས་མགྱོགས་པ་དང་། དེ་བས་མཐོ་བ། དེ་བས་སྟོབས་ཆེ་བ”བཅས་བརྩོན་ལེན་བྱེད་པ་ནི་རྩལ་འགྲན་ལུས་རྩལ་གྱི་ཕུགས་བསམ་ཡིན་ཞིང་། ལུས་རྩལ་ལས་མངོན་པའི་འབད་བརྩོན་ལྷོད་མེད་དང་། ནམ་ཡང་བློས་མི་གཏོང་བའི་སྙིང་སྟོབས་ཀྱིས་མི་རྣམས་དཔའ་མཛངས་རྡུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པར་སྐུལ་ལྕག་བྱེད་ཀྱི་ཡོད། ཚེས་22ཉིན། བུད་མེད་ཀྱི་སྤྱི་ལེ་100ཡི་གཞུང་ལམ་རྐང་འཁོར་འགྲན་བསྡུར་བྱ་ཡུལ་དུ་མི་སེམས་འགུལ་བའི་གནས་ཚུལ་ཞིག་ཐོན་པ་སྟེ། ཀྲུང་གོའི་བདམས་ཐོན་པ་ཕུའུ་དབྱི་ཤན་གྱིས་མཐའ་མའི་སྨི་50ཡི་ས་ནས་ནུས་ཤུགས་ཡོད་རྒུས་རྐང་འཁོར་བཏང་ནས་རི་པིན་དང་ཀྲུང་གོའི་ཐའེ་པེའི་བདམས་ཐོན་པ་ལས་བརྒལ་ཏེ་དངུལ་གྱི་རྟགས་མ་ཞིག་བླངས་པ་རེད། མཇུག་ཐིག་སྒྲོལ་སྐབས་ལོ་26ལ་སོན་པའི་ཡུན་ནན་གྱི་བུ་མོ་དེའི་ངོ་གདོང་སྐྱ་མདོག་ཏུ་གྱུར་ནས་ལུས་རྩལ་ཐང་དུ་འགྱེལ་བ་དང་། དབུགས་ཤུགས་ཀྱིས་བརྔུབས་རྗེས་སླར་ཡང་ཡར་ལང་དུས་རྒྱུག་ཁྲར་འཐམས་ནས་སྐྱུག་པ་ཤོར་བ་རེད། ཁོ་མོའི་རྐང་པ་གཉིས་འདར་ནས་འགྲོ་ཐབས་མེད་པས་འགྲན་བསྡུར་བྱས་རྗེས་སྨན་དོན་ཁང་དུ་སྨན་བཅོས་བྱེད་པར་མི་སྐྱེལ་ཀ་མེད་བྱུང་བ་རེད།
      འགྲན་བསྡུར་མཇུག་འགྲིལ་རྗེས་ཕུའུ་དབྱི་ཤན་གྱིས“མཐའ་མའི་སྨི་བཅུ་གྲངས་ཁ་ཤས་དེར་ངས་གང་ཐུབ་ཅི་ཐུབ་ཀྱིས་མཐའ་མའི་གདོང་མཆོང་བྱས་པ་ཡིན། དེའི་སྐབས་སུ་ང་ལ་ངེས་པར་དུ་མདུན་གྱི་མི་གཉིས་པོ་ལས་བརྒལ་ཐུབ་པའི་བསམ་བློ་མ་གཏོགས་འཁོར་མ་བྱུང་། སྐབས་དེ་དུས་ང་རང་གི་ལུས་པོ་རྦད་དེ་ཐང་ཆད་པས། མཚམས་ཐིག་བརྒལ་རྗེས་བསམ་རྒྱུ་དྲན་རྒྱུ་གང་ཡང་མི་འདུག”ཅེས་བརྗོད།
      ལུས་རྩལ་འགྲན་བསྡུར་ལ་མཛའ་གྲོགས་ཟབ་ཏུ་ཕྱིན་པ་དང་། འགྲན་རར་འགྲན་ཟླ་ཡིན་རུང་། འགྲན་རའི་ཕྱིར་གྲོགས་པོ་ཡིན་ཞིང་། ཀྲུང་གོའི་བདམས་ཐོན་པས་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་གཞུང་དྲང་གི་འགྲན་རྩོད་དང་། འགྲན་ཟླར་བརྩི་འཇོག་བྱས་པས་མཛའ་གྲོགས་ཟབ་ཏུ་ཕྱིན་ཡོད། ཚེས་22ཉིན་གྱི་བྱ་སྒྲོ་སྤོ་ལོའི་སྐྱེས་པའི་ཚོགས་པའི་མཐའ་བསྡུར་ལ་ཀྲུང་གོའི་རུ་ཁག་གི་ཨང་དང་པོར་འགྲན་བསྡུར་ལ་ཞུགས་མཁན་ཧྲི་ཡུས་ཆི་དང་མ་ལེ་ཞི་ཡའི་བདམས་ཐོན་པ་ཅིན་ཡན་གཉིས་ཀྱིས་འགྲན་རྩོད་བྱས་ནས་རྒྱལ་ཕམ་ཐག་ཆོད་དཀའ་བ་དང་། འགྲན་ཐེངས་གཉིས་བྱས་རྗེས་ཁོང་གཉིས་ཀྱི་སྡུར་གྲངས་1:1ཡིན་པ་དང་། འགྲན་ཐེངས་གསུམ་པའི་སྡུར་གྲངས་19:19ཡི་འགག་རྩའི་དུས་སུ་ཅིན་ཡན་གྱི་རྐང་པའི་ཉྭ་འཆུས་ནས་འགྲན་རར་འགྱེལ་བ་རེད། འགྲན་ཟླ་འགྱེལ་བ་མཐོང་རྗེས་ཧྲི་ཡུས་ཆིས་སྤོ་ལོའི་དྲ་བཅད་ལས་བསྒྲལ་ནས་ཅིན་ཡན་ག་ལེར་བསྐྱོར་ཏེ་སེམས་གསོ་བཏང་བ་རེད། ཅིན་ཡན་འགྲན་བསྡུར་མུ་མཐུད་བྱེད་མི་ཐུབ་པ་དང་འགྱོགས་ཁྲིར་བཞག་ནས་འགྲན་རའི་ཕྱི་རོལ་དུ་དབོར་སྐབས་ཀྱང་ཧྲི་ཡུས་ཆིས་ཁོང་ལ་ལྟ་བར་བསྐྱོད་པ་དང་འབྲེལ་སེམས་གསོ་བཏང་བ་རེད། འགྲན་བསྡུར་མཇུག་འགྲིལ་རྗེས། ཧྲི་ཡུས་ཆིས་རང་ཉིད་ཀྱིས་ཅིན་ཡན་ལ་བརྩི་འཇོག་བྱེད་ལུགས་བཤད་ཅིང་། ཁོང་གིས“དངོས་གནས་བྱས་ན་ད་ལྟའང་འགྲན་ཟླར་རྨས་སྐྱོན་གང་དུ་ཕོག་པ་ཤེས་མ་བྱུང་། ཡིན་ནའང་། ཁོང་གིས་ན་ཟུག་དྲག་པོ་བཏང་རུང་ད་དུང་མུ་མཐུད་འགྲན་བསྡུར་ལ་ཞུགས་པ་ནི་དངོས་གནས་སྙིང་རུས་ཅན་ཞིག་རེད”ཅེས་བརྗོད།
      ལུས་རྩལ་ནི་རྒྱལ་སྤྱིར་ཀུན་གྱིས་རྟོགས་པ་ཞིག་ཡིན་པ་དང་། མི་རྣམས་ཀྱིས་སྐད་སྒྱུར་བྱེད་མི་དགོས་ལ། འགྲེལ་བཤད་ཀྱང་རྒྱག་མི་དགོས་པར་སྤེལ་རེས་བྱ་ཆོག་པས། ལུས་རྩལ་འགྲན་བསྡུར་གྱིས་མིའི་རིགས་ལ་མཛའ་གྲོགས་ཟབ་ཏུ་གཏོང་བའི་ལས་སྟེགས་ཤིག་མཁོ་འདོན་བྱས་ཡོད། ལུས་རྩལ་གྱི་སྙིང་སྟོབས་ཀྱིས་མཛའ་གྲོགས་དང་མཐུན་སྒྲིལ་དང་། ཞི་བདེ་དང་གཞུང་དྲང་། བྱམས་བརྩེ་དང་བརྩི་འཇོག་སོགས་ཀྱི་སྙིང་སྟོབས་ཀྱི་ནང་དོན་རྒྱུན་འཛིན་བྱས་ཡོད། ཀྲུང་གོའི་བདམས་ཐོན་པས་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་ཨེ་ཤེ་ཡ་རྒྱལ་ཁབ་དང་ས་ཁུལ་ཁག་གི་བདམས་ཐོན་པ་ཚོ་དང་འགྲན་ར་གཅིག་ཏུ་རྩལ་འགྲན་ནས་འབད་བརྩོན་ཆེན་པོས་གསེར་དང་དངུལ་གྱི་རྟགས་མ་ལེན་པ་དང་དུས་མཚུངས་ལུས་རྩལ་གྱི་དྲང་ནུས་མངོན་པར་བྱེད་ཀྱི་ཡོད་པས། ཁོང་ཚོའི་མཚོན་ཚུལ་བཟང་པོ་དེ་རིགས་ལ་དགའ་འབོད་བྱེད་པར་འོས།