འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་གནས་ཐང་འཕར་ཁྲལ་སྒྱུར་བཅོས་གཏིང་ཟབ་བཏང་ནས་ཁེ་ལས་ལ་ཕན་པ་ཆེན་པོ་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་15ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཁེ་ལས་ལེགས་ཤིང་མགྱོགས་པའི་སྒོ་ནས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་ཆེད། ད་ལོའི་ཟླ་5ཚེས་1ཉིན་ནས་བཟུང་རང་རྒྱལ་དུ་ཁྱོན་ཡོངས་ནས་གནས་ཐང་འཕར་ཁྲལ་གྱི་ཁྲལ་ཚད་དམའ་རུ་བཏང་བ་དང་། གཞི་རྒྱ་ཆུང་བའི་ཁྲལ་མཇལ་མཁན་གྱི་ཚད་གཞི་གཅིག་གྱུར་སོགས་གནས་ཐང་འཕར་ཁྲལ་སྒྱུར་བཅོས་གཏིང་ཟབ་བྱེད་ཐབས་ལག་བསྟར་བྱས་ཤིང་། བོད་ལྗོངས་ཀྱི་ཁེ་ལས་དག་གིས་རྒྱལ་ཁབ་ཀྱི་ཁྲལ་བསྡུའི་སྲིད་ཇུས་ལ་བསྟོད་བསྔགས་བྱེད་བཞིན་ཡོད། ལག་བསྟར་ཕན་འབྲས་ལ་བལྟས་ན། བོད་ལྗོངས་ཀྱི་བཟོ་སྐྲུན་ལས་རིགས་ལ་དཔྱ་ཁྲལ་ཉུང་དུ་བཏང་བའི་བརྒྱུད་རིམ་ཁྲོད་དུ་ཁེ་ཕན་ཆེ་ཤོས་ཐོབ་ཡོད། དེ་དང་དུས་མཚུངས་སུ་ཆ་རྐྱེན་འཛོམས་པའི་ཁེ་ལས་ཆུང་གྲས་དག་གཞི་རྒྱ་ཆུང་བའི་ཁྲལ་འཇལ་མཁན་དུ་བསྒྱུར་ནས་ཐོ་བཀོད་རྗེས། དེའི་ཁྲལ་འཁྲི་དང་ཁྲལ་གཉེར་ཁུར་པོ་མངོན་གསལ་དོད་པོས་ཡང་དུ་ཕྱིན་ཡོད།
           བོད་ལྗོངས་རིན་སྤུངས་རྫོང་འབྲུ་རིགས་ཀུང་སི་ནི་རྒྱལ་གཉེར་འབྲུ་རིགས་ཀུང་སི་ཞིག་ཡིན་ཞིང་། 2013ལོར་སྤྱིར་བཏང་གི་ཁྲལ་འཇལ་མཁན་ལ་ངོས་འཛིན་བྱས་ཚུན། གཞིས་རྩེ་གྲོང་ཁྱེར་ཁྲལ་དོན་སྡེ་ཁག་གིས་དེའི་ནོར་དོན་ཞིབ་རྩིས་ཐད་ལ་བླང་བྱ་ཅུང་མཐོན་པོ་བཏོན་ཡོད། འོན་ཀྱང་ས་གནས་དེ་གར་ཆེད་ལས་ཀྱི་བྱང་ཚད་ལྡན་པའི་རྩིས་གཉེར་མི་སྣ་རྙེད་དཀའ་བས། སྙན་ཞུ་འབུལ་ཐེངས་རེ་རེར་ཁྲལ་དོན་ལས་བྱེད་པས་མཛུབ་སྟོན་བྱ་དགོས། དེ་དང་དུས་མཚུངས་སུ་ཁེ་ལས་དེའི་ཡོང་སྒོའི་ཁྲལ་འབབ་ཅུང་ཉུང་བས། སྤྱིར་བཏང་གི་ཁྲལ་འཇལ་མཁན་ལ་ངོས་འཛིན་བྱེད་རིང་ཁྲལ་འཁྲི་13%ཟིན་ཡོད། “གཞི་རྒྱ་ཆུང་བའི་ཁྲལ་འཇལ་མཁན་ལ་བསྒྱུར་ནས་ཐོ་འགོད་བྱས་རྗེས། ཁེ་ལས་ཀྱིས་ཟླ་རེ་སྙན་ཞུ་འབུལ་བ་དེ་དུས་ཚིགས་རེ་སྙན་ཞུ་འབུལ་བར་བསྒྱུར་ཅིང་། སྙན་ཞུའི་ནང་དོན་ཉུང་དུ་གྱུར་བ་དང་། སྙན་ཞུའི་དཔྱད་གཞི་སྟབས་བདེ་རུ་བཏང་བ། དྲ་ཐོག་ནས་སྙན་ཞུ་འབུལ་བ་སྟབས་བདེ་ཡིན་ལ། ཁྲལ་གཉེར་གྱི་བརྒྱུད་རིམ་ཡང་སྟབས་ཇེ་བདེར་བཏང་། དེ་དང་དུས་མཚུངས་སུ་ཁྲལ་ཚད་སྒྱུར་བཅོས་བཏང་བ་ནས་ཀུང་སིར་དོན་དངོས་སུ་ཕན་ཐོགས་ཡོད”ཅེས་ཀུང་སི་དེའི་འགན་ཁུར་བ་བསོད་ནམས་བཀྲ་ཤིས་ཀྱིས་གསར་འགོད་པར་བཤད།
           “ཟླ་བ་ལྔ་པ་ནས་བཟུང་། ང་ཚོའི་ཀུང་སིའི་དཔྱ་ཁྲལ་ཁྱོན་བསྡོམས་སྒོར་ཁྲི་85.5ཆག་ཡང་དུ་བཏང་ཞིང་། ང་ཚོའི་ཀུང་སིར་འཛུགས་སྐྲུན་བྱེད་བཞིན་པའི་ཐོན་སྐྱེད་སྒྲུབ་རིམ་ཁག་གསུམ་པར་མ་དངུལ་གྱི་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས། ཀུང་སི་སྔོན་ཐོན་གྱི་ལྗང་མདོག་བཟོ་སྐྲུན་ལས་རིགས་སུ་རིགས་སྒྱུར་ཇེ་མགྱོགས་སུ་བཏང་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་ཁེ་ལས་གཙོ་གྲས་ཧྭ་ཤིན་ཨར་འདམ(བོད་ལྗོངས)ཚད་ཡོད་ཀུང་སིའི་ནོར་དོན་འགན་འཁུར་བ་ཞུས་མིང་ཡུང་གིས་བཤད།
           རྒྱུན་མཐུད་ནས་དཔྱ་ཁྲལ་ཆག་ཡང་དུ་བཏང་རྗེས་ཉིང་ཁྲི་གྲོང་ཁྱེར་གྱི་ཇ་རིགས་ཐོན་སྐྱེད་ཁེ་ལས་ལ་གསོན་ཤུགས་གསར་པ་བཏོན་ཡོད། མིག་སྔར་ཉིང་ཁྲི་གྲོང་ཁྱེར་གྱི་ཇ་འདེབས་ཚད་རྒྱ་ཁྱོན་མུའུ་ཁྲི་ཡན་ཟིན་ཡོད་པ་དང་། ཇ་ལོའི་ཐོན་སྐྱེད་ཁེ་ལས་5ཡོད་ཅིང་ས་གནས་དེ་གའི་དུད་ཚང་1200དང་ཞིང་འབྲོག་མང་ཚོགས་5300ལྷག་ཙམ་ལ་ཡོང་འབབ་འཕར་སྣོན་བྱུང་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་ཡོད། "ཐོན་སྐྱེད་ཀྱི་གཞི་རྒྱ་ཆུང་ཞིང་ཞིབ་འཇུག་གསར་སྤེལ་གྱི་མ་རྩ་ཆེ་བ། མི་ལ་བརྟེན་ནས་ཐོན་སྐྱེད་བྱེད་ཚེ་སྤུས་ཚད་ལའང་འགན་ལེན་བྱེད་དཀའ་བས། ང་ཚོའི་ཀུང་སིའི་ཐོན་རྫས་ཁྲོམ་རའི་ནང་འཛུལ་དཀའ་པོ་ཆག་ཡོད།" ཉིང་ཁྲིའི་ཡིད་འོང་ཇོ་རིའི་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་རྣམ་རྒྱལ་གྱིས། “གནས་ཐང་འཕར་ཁྲལ་གྱི་ཁྲལ་ཚད་དམའ་རུ་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་ཀྱིས་རོགས་སྐྱོར་བྱས་པ་ནས། ད་ལོར་སྔོན་དཔག་བྱས་ན་ང་ཚོའི་ཁེ་ལས་ལ་དཔྱ་ཁྲལ་སྒོར་ཁྲི་20ཆག་ཡང་དུ་གཏོང་རྒྱུ་ཡིན་པས། ང་ཚོར་ཐོན་རྫས་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་སྔར་ལས་མང་བ་ཡོད་ལ། ཇ་ཐོན་སྐྱེད་ཀྱི་སྤུས་ཚད་མཐོར་འདེགས་དང་། ཐོན་སྐྱེད་གཞི་ཁྱོན་ཆེ་རུ་བཏང་ནས། ཞིང་འབྲོག་མང་ཚོགས་སྔར་བས་མང་བ་ལས་ཞུགས་ཡོང་སྤར་ལ་སྐུལ་ཁྲིད་དང་། ཁེ་ལས་ཀྱི་ཁེ་སྤོགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བའི་ནུས་པ་ཆེ་རུ་བཏང་ཡོད”ཅེས་བཤད།
           གནས་ཐང་འཕར་ཁྲལ་སྒྱུར་བཅོས་གཏིང་ཟབ་བྱེད་རིམ་ཁྲོད་ཁེ་ཕན་ཐོབ་མཁན་ད་དུང་ཞིང་འབྲོག་མང་ཚོགས་ཀྱི་མཉམ་ལས་ཁང་ཡོད། ཁྲལ་ཚད་ལེགས་སྒྲིག་བྱས་རྗེས། ནག་ཆུ་གྲོང་ཁྱེར་ལྷ་རི་རྗོང་རོང་སྟོད་ཤང་ཕྱུགས་རིགས་ཞིང་འབྲོག་མང་ཚོགས་ཆེད་ལས་མཉམ་ལས་ཁང་གི་གནས་ཐང་འཕར་ཁྲལ་སྒོར་ཁྲི་1.39ཆག་ཡང་དང་རྩ་ཆག་ཏུ་བཏང་ཡོད་པས། མ་དངུལ་གྱི་རྒྱུག་ཚད་འཕར་སྣོན་བྱུང་ནས་རིམ་བཞིན་ཐོན་སྐྱེད་གཞི་རྒྱ་ཇེ་ཆེར་གཏོང་བར་ཕན་པ་མ་ཟད། མང་ཚོགས་དབུལ་པོ་སྔར་བས་མང་བ་ལས་ཞུགས་བྱེད་པ་ལའང་སྒུལ་ཤུགས་སྤྲད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།