འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ང་ཚོ་ཡུལ་པོ་མི་འདུག 

    —— ཨ་ཧྥེ་རི་ཁའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་པར་ཀྲུང་གོའི་བྱ་དགའ་ཐོབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་10ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         2018ལོར་ཨ་ཧྥེ་རི་ཁའི་སྐོར་སྲུང་བར་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་ཚེས་7ཉིན་ལྷོ་ཨ་ཧྥེ་རི་ཁའི་གྲོང་ཁྱེར་ཁེ་ཕུའུ་ཏུན་དུ་གཟབ་རྒྱས་ངང་འཚོགས་པ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་17ནས་ཡོང་བའི་འཐབ་ས་དང་པོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་པ་50ལ་ཨ་ཧྥེ་རི་ཁའི་སྐོར་སྲུང་བའི་བྱ་དགའ་ཐོབ་པ་དེ་ནི་ཨ་ཧྥེ་རི་ཁའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་པར་ཀྲུང་གོའི་བྱ་དགའི་དངུལ་དང་འབྲེལ་ཡོད་ལག་རྩལ་གྱི་རྒྱབ་སྐྱོར་ཐོབ་ཐེངས་ཐོག་མ་དེ་ཡིན་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་དང་ཁོར་ཡུག་འཆར་འགོད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རེན་གཅིག་ལྕོགས་ཨེ་ལི་ཁེ·སོའར་ཧའེ་མུའུ་དང་། ལྷོ་ཨ་ཧྥེ་རི་ཁའི་ཁོར་ཡུག་ལས་དོན་པུའུ་ཀྲང་མོ་ལའེ་ཝ། ལྷོ་ཨ་ཧྥེ་རི་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལིན་སུང་ཐེན། རྒྱལ་སྤྱིའི་སྐོར་སྲུང་བའི་མནའ་འབྲེལ་གྱི་ཀྲུའུ་ཞི་ཝུའར་མོར་བཅས་དང་དེ་བཞིན་ལྷོ་ཨ་ཧྥེ་རི་ཁའི་ལས་རིགས་ཁག་གི་འཐུས་ཚབ་300ཙམ་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་ཡོད་པ་རེད།
          ཨ་ལི་པ་པ་ཚོགས་པའི་ཏུང་ཧྲི་ཅུས་ཀྱི་ཀྲུའུ་ཞི་ཐའོ་ཧྭ་ཡོན་སྣོད་བཅུད་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་ཀྱི་མཉམ་འབྲེལ་ཀྲུའུ་ཞི་མཱ་ཡུན་གྱིས་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་བྱ་དགའ་ཐོབ་མཁན་11ལ་བྱ་དགའ་སྤྲད་པ་རེད།
          མཱ་ཡུན་གྱིས་ཤིས་ཚིག་བརྗོད་སྐབས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་པས་རྟག་ཏུ་སྲོག་ཉེན་ལ་མ་འཛེམས་པར་ཁོར་ཡུག་ཧ་ཅང་ཞན་པོའི་འོག་ལས་ཀ་བྱེད་ཀྱི་ཡོད་པ་དང་ཁོང་ཚོར་སྒྲིག་ཆས་མེད་ལ་ནང་མི་དང་མཉམ་དུ་སྡོད་པའི་དུས་ཚོད་ཧ་ལམ་མེད་པ་རེད། དེའི་ཁྲོད་ཀྱི་མི་མི་ཉུང་བ་ཞིག་གིས་དེའི་ཆེད་ཚེ་སྲོག་ཀྱང་སྐྱེས་སུ་ཕུལ་ཡོད། ང་ཚོས་བྱ་དགའི་རྣམ་གྲངས་དེ་བརྒྱུད་མི་དེ་བས་མང་བས་སྐོར་སྲུང་བར་དོ་ཁུར་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་སྲུང་སྐྱོང་བྱ་རྒྱུར་དོ་ཁུར། རང་བྱུང་ཁོར་ཡུག་སྲུང་སྐྱོང་ལ་དོ་ཁུར་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
         ལྷོ་ཨ་ཧྥེ་རི་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལིན་སུང་ཐེན་གྱིས་མཱ་ཡུན་དང་ཐའོ་ཧྭ་ཡོན་སྣོད་བཅུད་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་ཀྱིས་སྲོག་ཆགས་སྲུང་སྐྱོང་ཐད་འབད་བརྩོན་བྱས་པར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལུགས་བཤད་པ་རེད།
         བསྡོམས་རྩིས་ལ་གཞིགས་ན། འདས་ཟིན་པའི་ལོ་10ཡི་ནང་རྔོན་རྒྱག་དང་ཉོ་ཚོང་བྱེད་མཁན་དང་འཐབ་རྩོད་བྱེད་པའི་ཁྲོད་ཨ་ཧྥེ་རི་ཁའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྐོར་སྲུང་བ་1000ལྷག་ཙམ་གྱིས་རྩ་ཆེའི་ཚེ་སྲོག་སྐྱེས་སུ་ཕུལ་ཡོད་པ་རེད།
         རྔོན་རྒྱག་ལ་ངོ་རྒོལ་བྱེད་པའི་ལས་ཀ་ལོ་14ཙམ་བྱས་པའི་ཁེན་ནི་ཡའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྐོར་སྲུང་བ་ཨའར་ཧྥ་ལེ་ཏེ·K·པེ་ཐེ་ནི་ཁེན་ནི་ཡའི་མ་ལ་ཟུར་གསུམ་གླིང་གི་སྣོད་བཅུད་ཡུལ་སྐོར་ལྟ་ཞིབ་དཔོན་ཡིན་པ་དང་། རང་ཉིད་ལ་བྱ་དགའ་ཐོབ་པ་ཤེས་སྐབས་ནམ་རྒྱུན་སྐད་ཆ་ཤོད་རྒྱུར་དེ་ཙམ་དགའ་པོ་མེད་པའི་རྔོན་རྒྱག་ལ་ངོ་རྒོལ་བྱེད་མཁན་འཐབ་འཛིང་པ་དེས་དགའ་ཚོར་ཆེན་པོའི་སྒོ་ནས“ཀུང་སི་དང་སྲིད་གཞུང་གང་ཞིག་གིས་ཀྱང་ང་ཚོར་སྐོར་སྲུང་བའི་བྱ་དགའ་སྤྲོད་མྱོང་མེད། ངས་རྔོན་རྒྱག་མཁན་དང་འཐབ་རྩོད་ལོ་14བྱས་པའི་ནང་བྱ་དགའ་དེ་འདྲ་ཡོད་པ་ཐོས་ཐེངས་དང་པོ་ཡིན”ཞེས་བཤད།
         ལྷོ་ཨ་ཧྥེ་རི་ཁ་ནས་ཡོང་བའི་སྐོར་སྲུང་བ་ཝུའེ་ལན་མུའུ་སི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་དགའ་ངུ་ཤོར་གྲབས་བྱས་ཤིང་། ཁོང་གིས“སྐོར་སྲུང་བའི་ལས་ཀ་ནི་སྟབས་བདེ་པོ་ཞིག་མིན་པར་མཚན་མོ་ནགས་ཚལ་ཁྲོད་ཉལ་དགོས་པ་དང་ཞོགས་སྔ་ལངས་ཀྱིས་ཉིན་ལྟར་རྔོན་རྒྱག་མཁན་རྗེས་འདེད་གཏོང་དགོས་ཀྱི་ཡོད་རུང་། མཐར་ཐོབ་ཆ་ཧ་ཅང་ཉུང་ཉུང་ཡིན། ང་ཚོར་སྐུ་ཞབས་མཱ་ཡུན་ལྟར་གྱི་རྒྱབ་སྐྱོར་དང་དོ་ཁུར་བྱེད་མཁན་དགོས་ཀྱི་འདུག ཁོང་གིས་མི་མང་པོས་ང་ཚོར་དོ་ཁུར་བྱེད་ཀྱི་ཡོད་པ་ཤེས་སུ་བཅུག་པས་ང་ཚོ་ཡུལ་པོ་མི་འདུག”ཅེས་བཤད།
         རྒྱལ་སྤྱིའི་སྐོར་སྲུང་མནའ་འབྲེལ་གྱི་ཀྲུའུ་ཞི་ཝུའར་མོར་གྱིས་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་ཁོང་གིས་སྐོར་སྲུང་བ་དབྱི་ཧྲོང་གིས་བརྗོད་མྱོང་བའི་སྐད་ཆ་སྟེ“ང་ཚོའི་སྐོར་སྲུང་བར་སྒྲིག་ཆས་དགོས་ལ་གསོ་སྦྱོང་ཡང་དགོས་པ་མ་ཟད། འཛམ་གླིང་ཡོངས་ཀྱི་བརྩི་འཇོག་དང་ཁས་ལེན་དེ་བས་དགོས། དེ་ནི་དེ་རིང་གི་བྱེད་སྒོ་དེའི་དོན་སྙིང་ཆེ་ཤོས་དེ་རེད”ཅེས་བཤད།
         བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་ཐད་ལེགས་སྐྱེས་ཕུལ་བ་ལས་མཱ་ཡུན་ལ་དེ་ཉིན་རྒྱལ་སྤྱིའི་སྐོར་སྲུང་བའི་མནའ་འབྲེལ་གྱིས“སྐོར་སྲུང་བའི་མཚན་སྙན”གྱི་བྱས་རྗེས་གཟེངས་རྟགས་སྤྲད་པ་དེ་ནི་དམིགས་བསལ་གྱི་བྱ་དགའ་དེ་ཐོབ་མཁན་ཀྲུང་གོ་བ་ཐོག་མ་དེར་འགྱུར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།