འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།པུའུ་གཉིས་ཀྱིས་སི་ཁྲོན་དང་ནང་སོག་ལ་ཀྲུང་དབྱང་གི་གེགས་སྐྱོབ་མ་དངུལ་སྒོར་དུང་
    ཕྱུར་2.5ཛ་དྲག་གིས་གཤམ་སྤྲོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་10ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། ཚེས་7ཉིན། ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་སི་ཁྲོན་ཞིང་ཆེན་དང་ནང་སོག་རང་སྐྱོང་ལྗོངས་ལ་ཀྲུང་དབྱང་ནོར་སྲིད་ཀྱི་རང་བྱུང་གནོད་འཚེའི་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་2.5ཛ་དྲག་གིས་གཤམ་སྤྲོད་བྱས་པའི་ནང་། སི་ཁྲོན་ཞིང་ཆེན་ལ་སྒོར་དུང་ཕྱུར་2གསབ་སྣོན་དང་ནང་སོག་རང་སྐྱོང་ལྗོངས་ལ་སྒོར་ཁྲི་5000ཁ་གསབ་བྱས་ཤིང་། དངུལ་དེ་དག་གཙོ་བོ་ཉེ་དུས་སི་ཁྲོན་དང་ནང་སོག་གི་ས་ཁུལ་འགའ་ཞིག་ཏུ་དྲག་ཆར་བསྟུད་མར་བབས་ཏེ་ཆུ་ལོག་བྱུང་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཛ་དྲག་ངང་གཞན་སྒྱུར་བཀོད་སྒྲིག་དང་། བར་བརྒལ་དུས་ཀྱི་འཚོ་བའི་རོགས་སྐྱོབ། མང་ཚོགས་ཀྱི་སྡོད་ཁང་སླར་གསོ་བསྐྱར་སྐྲུན། གནོད་འཚེ་ཕོག་མཁན་གྱི་ནང་མིར་སེམས་གསོ་འཚམས་འདྲི་སོགས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བའི་རོགས་སྐྱོབ་ཀྱི་དགོས་མཁོ་སྐོང་བར་སྤྱོད་རྒྱུ་རེད།
         དེ་གོང་། རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་སི་ཁྲོན་དང་ནང་སོག་གི་ས་ཁུལ་འགའ་ཞིག་ཏུ་དྲག་ཆར་བསྟུད་མར་བབས་ནས་ཆུ་ལོག་ཐོན་པར་དམིགས་ཏེ། རྒྱལ་ཁབ་ཀྱི་རིམ་པ་IVཡི་གེགས་སྐྱོབ་འཕྲལ་སྡོམ་དང་ལེན་ལས་དོན་སྤེལ་བ་དང་། ལས་དོན་ཚོགས་ཆུང་མང་པོ་གེགས་ཁུལ་དུ་རོགས་པ་བྱེད་པར་མངགས་པ། གུར་དང་། གྱོན་གོས། ཉལ་ཆས། ལྟེབས་ཁྲི་སོགས་ཀྲུང་དབྱང་གི་གེགས་སྐྱོབ་དངོས་རྫས་སྤྲད་པ། ཟླ་7ཚེས་18ཉིན། སི་ཁྲོན་ཞིང་ཆེན་གྱིས་ཀྲུང་དབྱང་ནོར་སྲིད་ཀྱི་རང་བྱུང་གནོད་འཚེའི་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་1གཏོང་སྤྲོད་བྱས་པ་དང་། དེ་བཞིན་གེགས་ཁུལ་སྲིད་གཞུང་ལ་ཉེན་འགོག་རོགས་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བ་འགན་ལེན་སོགས་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུའི་མཛུབ་སྟོན་དང་རྒྱབ་སྐྱོར་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།