འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་ཁུལ་གྱི་གཞས་པའི་འགྲན་བསྡུར་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་10ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་མཚོ་སྔོན་ཞིང་ཨུད་དྲིལ་བསྒྲགས་པུའུ་དང་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིང་གིས་གཙོ་གཉེར་བྱས་པའི“ཞིང་འབྲོག་པའི་ཉམས་འགྱུར་མངོན་པ། མཚོ་སྔོན་གསར་པའི་སྙིང་སྟོབས་མཚོན་པ”ཞེས་པའི་མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་ཁུལ་གྱི་གཞས་པའི་འགྲན་བསྡུར་ཆེན་པོ་དངོས་སུ་འགོ་ཚུགས་པ་རེད། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེམ་ཐོ་མིན་པའི་ཞིང་འབྲོག་པ་ཡིན་ཕྱིན་འགྲན་བསྡུར་ནང་ཞུགས་ཆོག་གི་ཡོད།
          སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་བར་རྟེན་འབྲེལ་ཞུ་བ་དང་མཚོ་སྔོན་མི་རིགས་ཁག་གི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བར་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པ་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་གཞས་པའི་འགྲན་བསྡུར་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་པར་གླུ་གཞས་ཐོག་ནས་མཛེས་སྡུག་ལྡན་པའི་འཚོ་བར་བསྟོད་གླུ་འབུལ་བའི་གར་སྟེགས་ཤིག་བཏོད་པ་མ་ཟད། ད་དུང་ཞིང་འབྲོག་པའི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུའང་བཏང་ཡོད།
          མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིང་ནས་ཤེས་རྟོགས་བྱས་པར། ད་ཐེངས་ཀྱི་འགྲན་བསྡུར་བརྒྱུད་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་མཚོ་སྔོན་ཞིང་ཆེན་གྱི་འཐབ་ཕྱོགས་ཁག་ལ་ཐོབ་པའི་གྲུབ་འབྲས་དྲིལ་བསྒྲགས་དང་། མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོ་བརྗོད་པ། མཚོ་སྔོན་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འབུངས་བྱེད་པའི་བསམ་པའི་ཉམས་འགྱུར་མངོན་པ་བཅས་བྱ་རྒྱུ་མ་ཟད། མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་དམངས་ཁྲོད་གླུ་གཞས་དང་ཕུལ་བྱུང་གི་གཞས་པ་སྔོག་འདོན་དང་ཤེས་རྟོགས་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱིས་ཀྲུང་གོའི་ཕུགས་འདུན་གྱི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་ཡག་པོ་རྩོམ་པའི་སྤྲོ་སེམས་ཀྱང་འཕེལ་བ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།