འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཞོ་སྟོན་གྱི་གོང་དུ་ལྷ་སའི་ཁྲོམ་གཞུང་དུ་ཞོའི་དྲི་ཞིམ་འཐུལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་10ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། 2018ལོའི་ཞོ་སྟོན་མ་སླེབས་གོང་གི་ཉིན་འགའ་ཤས་ནང་ཉེ་འཁོར་གྱི་རྫོང(ཆུས)ནས་ཆེད་མངགས་ཡོང་བའི་ཞིང་འབྲོག་པ་མི་ཉུང་བ་ཞིག་གིས་ལྷ་སའི་ཁྲོམ་གཞུང་དུ་རང་ཉིད་ཀྱིས་བཟོས་པའི་ཞོ་འཚོང་བཞིན་ཡོད། ཞིང་འབྲོག་པ་དེ་དག་གི་ཞོའི“ཚོང་ཆུང་ཆུང”ལས་སྲོལ་རྒྱུན་དུས་ཆེན་གྱི་ཉམས་འགྱུར་དེ་བས་ཟབ་ཏུ་ཕྱིན་ཡོད་པ་རེད།
           རོ་མཆོག་བརྒྱུད་སྤྲོད་བྱེད་པ་དང་ཆབས་ཅིག་ཞོ་དེའང་ས་གནས་དེ་གའི་འབྲོག་པའི་འབབ་འཕར་གྱི་ཐབས་ལམ་ཞིག་ལ་གྱུར་ཡོད་པ་རེད། འདམ་གཞུང་རྫོང་ཀོང་ཐང་ཤང་གི་འབྲོག་པ་ཚེ་རིང་པ་སྒྲོན་ཁྱིམ་གྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ཞོ་ཡིན་པ་རེད། “དེ་ནི་ང་ཚོའི་འདམ་གཞུང་རྫོང་དུ་བྲོ་བ་ཡག་ཤོས་ཀྱི་ཞོ་ཡིན་ལ་ཞོ་དེ་དག་ཚང་མ་ང་ཚོ་རང་ཉིད་ཀྱིས་བཟོས་པ་དང་ཁྱེད་ཀྱིས་དེའི་ནང་མངར་ཆ་བརྒྱབ་ནས་ཁ་གང་ཟ་སྐབས་རོ་བཅུད་ལྡན་ཞིང་ཞིམ་མངར་ལྡན་པ་ཞིག་ཡོད”ཅེས་ཚེ་རིང་པ་སྒྲོན་གྱིས་རང་ཁྱིམ་གྱིས་བཟོས་པའི་ཞོ་ལ་སྤོབས་པ་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། “ངས་ད་རེས་ལྷ་སར་ཞོ་མང་པོ་འཁྱེར་མེད། ཉིན་གཉིས་ཙམ་བཙོང་ན་ཞོ་སྟོན་མ་སླེབས་གོང་ཧ་ལམ་ཚང་མ་བྲིན་བཟོ་འདུག ལྷ་ས་བས་འདམ་གཞུང་གི་ཞོ་ལ་ཁས་ལེན་གང་ལེགས་བྱེད་ཀྱི་ཡོད། དེ་སྔོན་ཞོའི་སྤུས་ཚད་འགན་ལེན་གྱི་དུས་ཚོད་རིང་པོ་དེ་ཙམ་མེད། འདི་ལོ་ངས་རང་ཉིད་ཀྱིས་བཟོས་པའི་ཞོ་རྫོང་གི་ཞོ་བཟོ་གྲྭར་འཁྱེར་ནས་ཐུམ་བརྒྱབ་པས་སྤུས་ཚད་འགན་ལེན་གྱི་དུས་ཚོད་རིང་དུ་སོང་བ་མ་ཟད། ཞོའི་བྲོ་བར་འགྱུར་ལྡོག་ཕྱིན་མེད”ཅེས་ཚེ་རིང་པ་སྒྲོན་གྱིས་གད་མོ་དགོད་བཞིན་བཤད།
         ཚེ་རིང་པ་སྒྲོན་གྱི་ཁྱིམ་ལ་འདམ་གཞུང་རྫོང་དུ་ཞོའི་ཚོང་ཁང་ཆུང་ཆུང་ཞིག་ཡོད་པ་དེ་རྒྱལ་ལམ་གྱི་འཁྲིས་སུ་ཡོད་པ་རེད། “དུས་རྒྱུན་རྫོང་དུ་ངས་ཉིན་ལྟར་ཞོགས་པ་སྔ་པོ་ནས་ལངས་ཏེ་འོ་མ་བསྐོལ་བ་དང་དེ་རྗེས་ཞོ་བསྙལ་གྱི་ཡོད། ད་ཆ་དབྱར་ཁ་ཡིན་པས་བོད་ལ་ཡུལ་སྐོར་དུ་ཡོང་མཁན་ཧ་ཅང་མང་བས་ངའི་ཁྱིམ་གྱི་ཞོའི་འཚོང་ཧ་ཅང་ཡག་པོ་ཡོད་ལ་ཆ་སྙོམས་ཉིན་ལྟར་འགྱིག་དམ་ཆུང་བ་20ལྷག་ཙམ་བཙོངས་ཐུབ་ལ་ད་དུང་ཉེ་འཁོར་གྱི་ཡན་ལག་ཚོང་ཁང་དུ་འཁྱེར་ནས་ཕྱིར་ཚོང་བྱས་པས་ཡོང་འབབ་སྔར་ལས་མང་བ་འདུག”ཅེས་ཚེ་རིང་པ་སྒྲོན་གྱིས་བཤད་པ་དང་། ཁོང་གིས“ང་ཚོའི་ཁྱིམ་ཚང་གི་འོ་མ་ཚང་མ་རང་ཁྱིམ་གྱི་འབྲིའི་འོ་མ་ཡིན་པ་དང་སྐབས་རེ་མི་འདང་བའི་སྐབས་སུ་གྲོང་པ་ཁྱིམ་མཚེས་ནས་ཏོག་ཙམ་ཉོ་གི་ཡོད། ཉིན་གཉིས་རིང་ང་ཚོའི་རྫོང་དུ་རྟ་རྒྱུག་དུས་ཆེན་གཏོང་རྒྱུ་ཡིན་པས་ངའི་ནང་མིས་ཀྱང་དེ་གར་ཞོ་འཚོང་བར་འགྲོ་གི་རེད”ཅེས་བཤད།
          ཚེ་རིང་པ་སྒྲོན་གྱིས་ངོ་སྤྲོད་བྱས་པར། ཞོ་འཚོང་བའི་ཐབས་ཤེས་ནི་རང་ཉིད་ཀྱིས་བསམ་བློ་འཁོར་བྱུང་། “འབྲི་གཡག་རྩྭ་ཐང་ཐོག་འཚོས་ནས་རང་ཉིད་ཁོ་ནས་འོ་མ་བཏུངས་ནས་བསྡད་ན་དོན་སྙིང་གང་ཡང་མེད། གྲོང་པ་ཁྱིམ་མཚེས་ཀྱིས་དཀའ་སྤྱད་ཕྱུག་འགྱུར་བྱེད་པ་མཐོང་སྐབས་རང་ཉིད་ཀྱིས་ཀྱང་ཚོད་ལྟ་ཞིག་བྱེད་སྙམ་བྱུང་། བསམ་ཡུལ་ལས་འདས་པར་ད་ལྟ་ཞོའི་ཚོང་ཆུང་ཆུང་བརྒྱབ་པས་ཁྱིམ་གྱི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་འགྲོ་བཞིན་འདུག”ཅེས་ཚེ་རིང་པ་སྒྲོན་གྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།
      

    ཕྱོགས་བསྡུས་གསར་འགྱུར།