འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཁ་གསབ་གྲོན་དངུལ་ཇེ་མཐོར་བཏང་ཡོད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་07ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་ད་ལོ་ནས་བཟུང་རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཁ་གསབ་ཇེ་མཐོར་བཏང་ཡོད་དེ། སྔར་ཡོད་ཀྱི་ཚོགས་པ་རེར་ལོ་རེར་སྒོར་ཁྲི་20ཡི་ཁ་གསབ་གྲོན་དངུལ་གྱི་རྨང་གཞིའི་ཐོག་ད་ལོ་ནས་བཟུང་ཚོགས་པ་རེར་ལོ་རེར་ཁ་གསབ་གྲོན་དངུལ་སྒོར་ཁྲི་10ཇེ་མང་དུ་བཏང་བ་རེད།
           ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྲིད་ཇུས་གསར་པས་ལྗོངས་ཡོངས་ཀྱི་རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་75ལ་ཕན་ཐོགས་རྒྱུ་ཡིན་པ་དང་། ཚོགས་པ་རེར་ལོ་རེར་སྒོར་ཁྲི་30ཡི་གྲོན་དངུལ་ཁ་གསབ་འགན་ལེན་བྱ་རྒྱུ་རེད། གཞན་ཡང་ལྗོངས་ཡོངས་ཀྱི་རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་རེ་རེས་ལོ་རེར་སྒོར་ཁྲི་20ནས་30བར་གྱི་སྤྱི་ཕན་རང་བཞིན་གྱི་འཁྲབ་སྟོན་བྱེད་པའི་ཁ་གསབ་གྲོན་དངུལ་ལོངས་སྤྱོད་ཐུབ་རྒྱུ་རེད།
           སྤྱི་ཕན་རང་བཞིན་གྱི་དམངས་ཁྲོད་རིག་རྩལ་འཁྲབ་སྟོན་ནི་བོད་ལྗོངས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་གི་ནང་དོན་གལ་ཆེན་ཞིག་ཡིན། རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ནི་གཞི་རིམ་གྱི་རིག་རྩལ་འཁྲབ་སྟོན་གྱི་གཙོ་ཤུགས་ཡིན་པ་དང་། མི་སེར་དཀྱུས་མའི་བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་པར་བྱེད་པའི་ཁྲོད་ནུས་པ་གལ་ཆེན་ཐོན་གྱི་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། བོད་ལྗོངས་ཀྱི་རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་2017ལོར་ལེ་ཚན་700ལྷག་ཙམ་གསར་རྩོམ་བྱས་ཡོད་པ་དང་། གྲོང་གསེབ་ཏུ་འཁྲབ་སྟོན་ཐེངས་4946བྱས་ཤིང་། མང་ཚོགས་མི་ཐེངས་ཁྲི་270ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།
          བོད་རང་སྐྱོང་ལྗོངས་རིག་གནས་ཐིང་སྤྱི་པའི་རིག་གནས་ཁྲུའུ་ཡི་ཁྲུའུ་ཀྲང་མིག་དམར་གྱིས་རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་མང་ཆེ་བ་ནི་ཞིང་དལ་སྐབས་ཕྱི་ཕྱོགས་སུ་འཁྲབ་སྟོན་བྱེད་པར་འགྲོ་བ་དང་། ཁོངས་མི་གཙོ་བོ་ནི་ཡུལ་དེའི་ཞིང་འབྲོག་མང་ཚོགས་ཡིན་པ་དང་། ཁ་གསབ་གྲོན་དངུལ་མང་དུ་བཏང་བ་དེས་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་མ་ཐེབས་ཐུབ་པ་མ་ཟད། འཁྲབ་སྟོན་པའི་ཡོང་འབབ་ཀྱང་མང་དུ་འགྲོ་རྒྱུ་རེད་ཅེས་བཤད་པ་རེད།
          རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ཕུད། བོད་ལྗོངས་སུ་ལྷ་མོའི་རུ་ཁག་143དང་། གྲོང་གསེབ་ཀྱི་ལས་ཞོར་རིག་རྩལ་རུ་ཁག་2446ཡོད་ལ། ལས་ཞོར་འཁྲབ་སྟོན་པ་ཁྲི་4ཙམ་ཡོད། ཁོང་ཚོས་ནམ་རྒྱུན་གཞི་རིམ་གྱི་ཞིང་འབྲོག་ཁུལ་དུ་འཁྲབ་སྟོན་བྱེད་པ་དང་གླུ་གར་དང་། འཁྲབ་ཚན་ཐུང་གྲས། ཁ་ཤགས་སོགས་ཀྱི་རྣམ་པ་བརྒྱུད། ཚན་རྩལ་རིག་གནས་དང་། འཕྲོད་བསྟེན། བཅའ་ཁྲིམས་སྐོར་གྱི་ཤེས་བྱ་ཁྱབ་གདལ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།