འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས“གཞི་གཅིག་ཅན་གྱི་སྨན་བཅོས་འགན་བཅོལ”འཚོལ་ཞིབ་བྱས་ནས་དུད་ཚང་
    དབུལ་པོར་ནད་ལྟ་བའི་ཐད“གདེང་ཚོད་ཡོད་པར”བྱས་པ། 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཞུས་ཝུན་ཐིང་དང་ཝང་ཅིན་ཅིན་གྱིས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་07ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། “གྲོང་ཚོའི་ལས་བྱེད་པས་ཁ་པར་བརྒྱབ་ནས་ང་ལ་རྫོང་གིས་གཅིག་གྱུར་ངང་དུད་ཚང་དབུལ་པོར‘བདེ་ཐང་འགན་བཅོལ’གཉེར་འདུག་ཅེས་བརྗོད་ནས་ང་སྨན་བཅོས་འགྲོ་སོང་རྩིས་ཞུ་བྱེད་པར་བཏང་བྱུང་། བསམ་བསམ་མེད་པ་ཞིག་ལ་ད་རེས་བཟའ་ཟླའི་བསམ་སེའུ་འབྲས་སྐྲན་སྨན་བཅོས་བྱས་པར་སྨན་རིན་སྐར་གང་ཡང་སྤྲོད་དགོས་མ་བྱུང”ཞེས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གསེར་ཁོག་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཤུན་རང་ཤང་ཀ་ལོའུ་གྲོང་ཚོའི་གྲོང་མི་ཝང་ཆོན་ཧྥུ་ཡིས་བཤད།
            ཝང་ཆོན་ཧྥུ་ནི་གྲོང་ཚོའི་ནང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན། ཁོང་གིས་རགས་རྩིས་བརྒྱབ་པ་ལྟར་ན། གལ་སྲིད་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་གྱི་འགན་བཅོལ་རྐྱང་པར་བརྟེན་ཚེ་སྨན་རིན་གྱི་60%ལས་རྩིས་ཞུ་ཐུབ་ཀྱི་མེད། “བདེ་ཐང་གི་འགན་བཅོལ”ནང་ཞུགས་རྗེས་འགན་བཅོལ་ཀུང་སིས་སླར་ཡང་སྒོར་10780ཡི་གུན་གསབ་བྱས་པས་ད་རེས་བཟའ་ཟླའི་སྨན་བཅོས་ཐད་སོ་སོའི་དངུལ་སྐར་མ་གཅིག་ཀྱང་འདོན་དགོས་བྱུང་མེད།
          “སྔོན་ཆད་སྨན་བཅོས་འགན་བཅོལ་མེད་པ་ནས་ད་ཆ་ང་གབ་་མཉམ་ལས་ན་བས་ལམ་ལུཌ་གསར་པ་ཡོད་པ་དང་། དེ་ནས་ནད་ཆེན་འགན་བཅོལ་དང་ད་ལྟའི‘བདེ་ཐང་འགན་བཅོལ’བར་ང་ཚོར་ལོ་འདི་དག་རིང་ནད་བསྟན་པའི་ཁུར་པོ་ཡང་དུ་སོང་བར་བརྟེན། གདེང་ཚོད་ཀྱང་ཆེ་རུ་ཕྱིན་སོང”ཞེས་ཝང་ཆོན་ཧྥུ་ཡིས་བཤད།
            མཚོ་སྔོན་འགན་བཅོལ་ལྟ་སྐུལ་ཅུས་ཀྱི་བསྡོམས་རྩིས་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས“ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་པ་དང་། ནད་ཀྱིས་རྐྱེན་པས་དབུལ་པོ་བསྐྱར་ལོག”གི་དུད་ཚང་དབུལ་པོས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སྤྱི་འབོར་གྱི44.1%བཟུང་ཡོད། ཞིང་ཆེན་ཡོངས་ཀྱི་མི་འབོར་དབུལ་པོའི་སྨན་བཅོས་སྨན་རིན་རྩིས་ཞུའི་བསྡུར་ཚད་སྔར་བས་ཆེ་རུ་གཏོང་ཆེད་མཚོ་སྔོན་ཞིང་ཆེན་གྱིས་2016ལོ་ནས་བཟུང་ཚོང་ལས་ཀྱི་ཁ་གསབ་འགན་བཅོལ་དེ་སྨན་བཅོས་འགན་བཅོལ་གྱི་དབུལ་སྐྱོར་ཁྱབ་ཁོངས་སུ་བཅུག་པ་དང་། ས་ཁུལ་ཁག་གཅིག་ཏུ་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་གྱི་འགན་བཅོལ། སྲིད་གཞུང་གི་རོགས་སྐྱོབ། ཚོང་ལས་ཀྱི་ཁ་གསབ་སྨན་བཅོས་འགན་བཅོལ་བཅས་ཟུང་དུ་འབྲེལ་བའི“གཞི་གཅིག་ཅན”གྱི་འགན་ལེན་བྱེད་སྟངས་ཚོད་ལྟ་བྱས་ནས་བཙུགས་པ་རེད།
            “ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོས་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་གྱི་འགན་བཅོལ་བརྒྱུད་རྩིས་ཞུ་བྱས་རྗེས་སྤྲོད་གྲངས་དམའ་ཤོས་མི་བཟོ་བ་དང་། ཚད་མཐུན་སྨན་རིན་ལྷག་མ་དེ་80%སྲིད་གཞུང་གིས་རོགས་སྐྱོབ(དེའི་ནང་ཤིན་ཏུ་དབུལ་བའི་བསྙེན་བཀུར་བྱ་ཡུལ་ལ་100%ཡི་རོགས་སྐྱོབ་བྱེད་པ)བྱས་རྗེས་སླར་ཡང་ཚོང་ལས་ཁ་གསབ་སྨན་བཅོས་འགན་བཅོལ་ལ་བརྟེན་ནས་འབྲེལ་ཡོད་ཀྱི་འགྲོ་སོང་རྩིས་ཞུ་བྱེད་ཀྱི་ཡོད”ཅེས་མཚོ་སྔོན་འགན་བཅོལ་ལྟ་སྐུལ་ཅུས་སྲོག་རྟེན་འགན་བཅོལ་ལྟ་སྡོམ་ཁྲུའི་ཁྲུའུ་ཀྲང་ཆིའུ་ཀྲི་ཅང་གིས་བཤད།
           “ངའི་བུ་ཆུང་བ་ལོ་8ལ་སླེབས་སྐབས་ཁྲག་ཐོན་སླ་བའི་ནད་ཡོད་པ་གཏན་འཁེལ་བ་དང་། ད་ཆར་ཟླ་རེར་ཁབ་རྒྱག་པ་ཁོ་ནར་སྒོར་ཁྲི་གཅིག་གཉིས་དགོས་ཀྱི་ཡོད”ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཞི་བདེ་ཤང་ཏུང་ཅ་ནོ་གྲོང་ཚོའི་ཏུང་ཚུན་ཅིས་ནད་གཞིའི་དབང་གིས་བཟོས་པའི་འཚོ་བའི་དཀའ་སྡུག་གང་མང་མྱངས་པ་རེད།
            ཏུང་ཚུན་ཅིའི་ཨ་མ་དང་གཅེན་མོ་ནི་དབང་པོ་སྐྱོན་ཅན་ཡིན། མི་རབས་ནས་མི་རབས་བར་ས་ཞིང་འདེབས་པའི་སོ་ནམ་པ་ཡིན་པའི་ངོས་ནས་སྨན་རིན་མཐོན་པོ་དང་ཡོང་འབབ་ཕྲན་བུའི་དབང་གིས་སྐབས་ཤིག་རིང་ཁོང་རེ་ཐག་ཆད་མྱོང་།
           ན་ནིང་། ཏུང་ཚུན་ཅིའི་གཉེན་ཉེས་ཁོང་ལ་སྲིད་གཞུང་གིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཅིག་གྱུར་ངང“བདེ་ཐང་གི་འགན་བཅོལ”ཉོས་ཡོད་ཅེས་བཤད་པས་ཚོད་ལྟ་ཙམ་བྱེད་བསམས་ནས་བུ་སྨན་ཁང་ནས་ཐོན་རྗེས་ཁོང་རྫོང་འགན་བཅོལ་ཀུང་སིར་སོང་ནས་གུན་གསབ་ཀྱི་འགྲོ་ལུགས་གཉེར་བ་རེད།
           “2015ལོར་བུ་ཆུང་བའི་སྨན་རིན་ཁྱོན་སྒོར་ཁྲི་28དང་2016ལོར་ཁྱོན་སྒོར་ཁྲི་30ཟིན་ཡོད། དེ་སྔའི་སྲིད་ཇུས་ལྟར་ན་རྩིས་ཞུའི་གྲོན་དངུལ་ནི་སྤྱིའི་འགྲོ་སོང་གི་ཕྱེད་ཀ་ལས་མེད། ད་ཆ་ཧ་ལམ་སྨན་རིན་90%འགྲོ་སོང་རྩིས་ཞུ་ཐུབ་པ་དང་2017ལོར་སྒོར་ཁྲི་2ཙམ་ལས་ཕྱིན་མེད”ཅེས་ཏུང་ཚུན་ཅིས་བཤད།
           ནད་ཆེན་གྱི་རྩིས་ཞུའི་བསྡུར་ཚད་ཆེ་རུ་གཏོང་རྒྱུ་ནི་དབུལ་སྐྱོར་ལས་དོན་ནང་འགན་བཅོལ་ལམ་སྲོལ་བཅུག་ནས་སྤྱི་ཚོགས་ཀྱི་ཐོན་ཁུངས་སྤྱི་འདོམས་བེད་སྤྱོད་དང་ནོར་སྲིད་དབུལ་སྐྱོར་མ་དངུལ་གྱི་ཕན་ནུས་ཆེར་གཏོང་མངོན་འགྱུར་བྱེད་པའི་མཚོན་ཚུལ་ཞིག་ཡིན།
           མིག་སྔར་མཚོ་སྔོན་གྱིས་མི་འབོར་དབུལ་པོར་དམིགས་པའི་ཚོང་ལས་ཁ་གསབ་སྨན་བཅོས་འགན་བཅོལ་ནི་སྲིད་གཞུང་ངམ་ཡང་ན་རོགས་སྐྱོར་ཁེ་ལས་ཀྱིས་མ་དངུལ་ཆ་ཚང་བཏོན་ནས་ཉོ་བཞིན་ཡོད། འགན་བཅོལ་གཉེར་སྐྱོང་གི་ལམ་སྲོལ་གཞིར་བཟུང་། དཔལ་འབྱོར་གྱི་ཁ་གསབ་དེ་འགན་བཅོལ་བྱ་ཡུལ་ལ་དམིགས་བསལ་ཉེན་ཁའི་ལས་འཛོལ་གྱིས་བཟོས་པའི་གྱོང་གུན་ཙམ་ལ་དམིགས་པ་ཞིག་རེད།
           “དབུལ་སྐྱོར་འགན་བཅོལ་གྱིས་དབུལ་པོར་འགྱུར་བའི་ཉེན་ཁ་བསལ་བ་དང་། དེ་སྔ་ཞིང་ཆུ་ལེབ་གཏོང་ལྟ་བུའི་དབུལ་སྐྱོར་གྱི་གནད་དོན་ཐག་བཅད་ཡོད། སུ་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་ན་དེར་རྩིས་ཞུ་བྱས་པས་དབུལ་སྐྱོར་མ་དངུལ་སྤྱོད་ཚུལ་སྔར་བས་གནད་སྨིན་བྱུང་ཡོད”ཅེས་ཀྲུང་གོ་སྲོག་རྟེན་འགན་བཅོལ་མཚོ་སྔོན་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧུའུ་ཀྲི་ཉིང་གིས་བཤད་ཅིང་། ཁོང་གིས། འགན་བཅོལ་གྱིས་དངུལ་རྩའི་འདེགས་ཤིང་གི་ནུས་པ་འདོན་སྤེལ་ཏན་ཏིག་ཐུབ་ཡོད། “བདེ་ཐང་འགན་བཅོལ”ནང་ཞུགས་པར་མི་རེར་འགན་བཅོལ་སྒོར་100ལས་སྤྲོད་དགོས་མེད་ཀྱང་འགན་བཅོལ་དངུལ་འབོར་ནི་སྒོར་ཁྲི་14ཡིན་པས། དངུལ་ཉུང་ཙམ་བཏང་ནས་མང་ཚོགས་དབུལ་པོར་སྔར་བས་ཕྱོགས་ཡོངས་ཀྱི་སྨན་བཅོས་འགན་སྲུང་བྱས་ཡོད་ཅེས་བརྗོད།
            མཚོ་སྔོན་འགན་བཅོལ་ལྟ་སྐུལ་ཅུས་ཀྱིས་མཁོ་འདོན་བྱས་པའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པ་ལྟར་ན། 2017ལོར་མཚོ་སྔོན་ཞིང་ཆེན་གྱི་ནད་ཆེན་འགན་བཅོལ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་40ཙམ་ལ་ཁྱབ་ནས་མི་ཐེངས་3000ཙམ་ལ་གུན་གསབ་བྱས་པར་སྒོར་ཁྲི་1600ཙམ་ཟིན་ཡོད། དེའི་ནང་ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་སོགས་སུ“བདེ་ཐང་གི་འགན་བཅོལ”དང“དབུལ་སྐྱོར་གྱི་འགན་བཅོལ”སོགས་ཚོང་ལས་ཁ་གསབ་སྨན་བཅོས་འགན་བཅོལ་གྱི་དབུལ་སྐྱོར་ཚོད་ལྟའི་ལས་དོན་སྤེལ་བ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི་9ལ་ཁྱབ་ནས་གུན་གསབ་དངུལ་སྒོར་ཁྲི་800ལྷག་སྤྲད་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།