འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཚད་རྡུལ་ཆ་འཕྲིན་ཐོན་ལས་ཚད་ལྡན་ཅན་གྱི་སྒོ་ནས་འཛུགས་སྐྲུན་
    བྱེད་མགྱོགས་སུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་07ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཚད་རྡུལ་ལག་རྩལ་གྲུབ་འབྲས་གཞན་སྒྱུར་གང་མྱུར་ཡོང་བ་དང་འབྲེལ་ཡོད་ཐོན་ལས་སྐྱོན་བྲལ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྒྱལ་ཡོངས་ཚད་རྡུལ་རྩིས་རྒྱག་དང་ཚད་འཇལ་ཚད་ལྡན་ཅན་ལག་རྩལ་ཨུ་ལྷན(གྲ་སྒྲིག)ཚེས་5ཉིན་ཧྲན་ཏུང་ཅི་ནན་དུ་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་རེད། ཨུ་ལྷན་དེར་རྒྱལ་ཁབ་ཚད་ལྡན་ཅན་ཨུ་ལྷན་གྱི་མཆན་འགོད་བཀའ་ལན་ཐོབ་ཅིང་། ཧྲན་ཏུང་ཞིང་ཆེན་སྤུས་ཚད་ལག་རྩལ་ལྟ་སྐུལ་ཅུས་ཀྱིས་གྲབས་འཛུགས་བྱས་པ། ཅི་ནན་ཚད་རྡུལ་ལག་རྩལ་ཞིབ་འཇུག་ཁང་དྲུང་ཡིག་ཁྲུའུ་ཡི་ཚན་པའི་འགན་འཁུར་ཡོད་པ་རེད།
           གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ཨུ་ལྷན་དེ་གྲབས་འཛུགས་བྱེད་པའི་བརྒྱུད་རིམ་ཁྲོད་གཙོ་བོ་ལྷུ་ཚིགས་6ལ་བགོས་པའི་ནང་འཚོལ་བསྡུ་ཨུ་ཡོན་དང་། ཞིབ་འཇུག་ཚད་ལྡན་མ་ལག་གི་སྒྲོམ་གཞི། ལག་རྩལ་ཨུ་ལྷན་སྒྲིག་འཛུགས་ཇུས་གཞི་བཟོ་འགོད་སོགས་ཚུད་ཡོད་པ་རེད། འབྲེལ་ཡོད་བླང་བྱ་གཞིར་བཟུང་ཚན་པ་གྲབས་འཛུགས་བྱེད་པར་ཟླ་བ་6གི་ནང་ལག་རྩལ་ཨུ་ལྷན་གྱི་གྲབས་འཛུགས་ལས་དོན་ལེགས་སྒྲུབ་ཟིན་པ་བྱེད་དགོས་ཀྱི་ཡོད་པ་རེད།
           རྒྱལ་ཁབ་ཀྱི་ཚད་རྡུལ་གསང་སྲུང་འཕྲིན་གཏོང“པེ་ཅིང་དང་ཧྲང་ཧའེ་བར་གྱི་མ་ལམ”གྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པའི་ངོས་ནས་བརྗོད་ན། ཅི་ནན་གྱིས་ཚད་རྡུལ་ལག་རྩལ་ཐོན་ལས་ཅན་གྱི་ཁྱབ་ཁོངས་དེ་ལོ་མང་འཚོལ་ཞིབ་བྱས་ཡོད་པ་རེད། ཅི་ནན་ཚད་རྡུལ་ལག་རྩལ་ཞིབ་འཇུག་ཁང་དང་། ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་གོ་ཏུན་ཚད་རྡུལ་ལག་རྩལ་མ་རྐང་ཚད་ཡོད་ཀུང་སི། གོ་ཡའོ་ཚད་རྡུལ་ལེ་ཏ་ཚན་རྩལ་ཚད་ཡོད་ཀུང་སི་སོགས་སྔ་རྗེས་སུ་གཞིས་ཆགས་པ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པས་ལག་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་གྱི་ས་རྒྱུ་ལེགས་སུ་ཕྱིན་ཡོད། འདི་ལོའི་ཟླ་5པར་ཅི་ནན་གྱིས“ཚད་རྡུལ་ལུང་པའི”འཆར་གཞི་བཏོན་ནས་2025ལོར་སླེབས་སྐབས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་བརྒྱ་ཡི་གཞི་ཁྱོན་ལྡན་པའི་ཐོན་ལས་ཁྱུ་ཚོགས་ཤིག་ཆགས་པ་བྱ་རྩིས་ཡོད་པ་རེད།
           “ཚད་ལྡན་ཅན་ནི་ཐོན་ལས་སྦྲེལ་ཐག་སྐྲུན་པའི་འགག་རྩ་ཞིག་དང་ཐོན་ལས་འཚར་ལོངས་ཡོང་བའི་ལྡོག་མེད་ཀྱི་བགྲོད་ལམ་ཞིག་རེད”ཧྲན་ཏུང་ཚད་རྡུལ་ཚན་རིག་ལག་རྩལ་ཞིབ་འཇུག་ཁང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་ཀྲའོ་ཡུང་གིས། ཆེད་མངགས་ཚད་ལྡན་ཅན་ཨུ་ཡོན་ལྷན་ཁང་གྲབས་འཛུགས་བྱས་ནས་ཚད་རྡུལ་ཆ་འཕྲིན་ལག་རྩལ་གྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་སྒྱུར་རྒྱུ་ཕན་པ་ཐོབ་པར་བྱས་ཏེ་ལག་རྩལ་དང་ཐོན་ལས་གཉིས་དགེ་མཚན་ལྡན་པའི་མཉམ་འགུལ་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།