འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་བོད་ལུགས་གསོ་རིག་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་26ཟིན་པ།

    རྒྱལ་ཡོངས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི་44%བཟུང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་07ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། 2017ལོར་མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་26ཟིན་པ་དེས་རྒྱལ་ཡོངས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི་44%བཟུང་ནས་བོད་ལུགས་གསོ་རིག་ཐོན་ལས་འཕེལ་རྒྱས་ཀྱི་གཞི་ཁྱོན་དང་ཕྱོགས་བསྡུས་སྟོབས་ཤུགས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
           མཚོ་སྔོན་ཉིད་མཚོ་བོད་ས་མཐོའི་དབུས་སུ་ཆགས་པ་དང་ཁྱད་འཕགས་ཀྱི་ས་ཁམས་ཁོར་ཡུག་ལས་ཁྱད་འཕགས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་བ་རིག་པའི་ཐོན་ཁུངས་གྲུབ་ཡོད། མིག་སྔར་ཞིང་ཆེན་ཡོངས་སུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཐོན་ཁུངས་རིགས་1294ཡོད་པ་ལས་རྩི་ཤིང་གི་སྨན་རྒྱུ་རིགས་1087དང་། སྲོག་ཆགས་ཀྱི་སྨན་རྒྱུ་རིགས་150 གཏེར་ཁའི་སྨན་རྒྱུ་རིགས་57བཅས་ཡོད། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་རྒྱུ་འདེབས་ཁྱོན་དེ་ཐོག་མའི་ཤར་རྒྱུད་ཞིང་ལས་ཁུལ་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཀྲོའུ་ཁག་ལ་ཁྱབ་ཆེར་སོང་ནས་རྩད་གཡུང་དང་། ཀྱི་ལྕེ། འདྲེ་ཚེར་མ། ཤིང་མངར་སོགས་ཚད་ལྡན་ཅན་གྱི་འདེབས་འཛུགས་རྟེན་གཞི་མང་པོ་བསྐྲུན་ནས་ཕྱི་རོལ་དུ་འདེབས་འཛུགས་དང་འདེབས་གསོ་བྱས་པའི་རྒྱ་ཁྱོན་མུའུ་ཁྲི་300ཙམ་ཟིན་ཡོད།
          ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་བོད་ལུགས་གསོ་རིག་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་ཤུགས་ཆེན་བྱས་ཏེ་སྤུས་ལེགས་ཀྱི་སྤུས་རྟགས་ཧུར་ཐག་གཏོད་པ་དང་། ཞིབ་བཟོ་གསར་གཏོད་ཀྱི་ལས་སྟེགས་སྐྲུན་པ། ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ལས་ཀྱི་འབྲེལ་ཐག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཡོད། མིག་སྔར་མཚོ་སྔོན་དུ་བོད་ལུགས་གསོ་རིག་གི་ཐོན་སྐྱེད་ཁེ་ལས་19དང་། རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་པའི་བོད་སྨན་གྱི་ཆོག་མཆན་ཡིག་ཨང་210དང་སྤུས་རྟགས་སྣ་ཁ་176ཡོད། གཞན་ཡང“བོད་སྨན་ཨ་རུ་རྟགས་ཅན”དང་། “ཅིན་ཀྲུའུ་རྟགས་ཅན”“འཇིགས་མེད་རྟགས་ཅན”སོགས་སྐྱེད་སྲིང་བྱས་ཡོད།
           གཞན་ཡང་། མཚོ་སྔོན་གྱིས་བོད་ལུགས་གསོ་རིག་གི་སྨན་བཅོས་དང་། ལུས་གསོ་བདེ་སྲུང་། ཚན་ཞིབ། སློབ་གསོ། ཐོན་ལས། རིག་གནས། ཕྱི་ཕྱོགས་སྤེལ་རེས་བཅས“ཕྱོགས་བདུན་གཞི་གཅིག”གི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་བོད་ལུགས་གསོ་རིག་ཀྱི་ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་བྱེད་པ་དང་བཀོད་སྒྲིག་ལེགས་སུ་བཏང་བ་མ་ཟད། ད་དུང་བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་འདེད་ཀྱང་བཏང་ནས་བོད་ལུགས་གསོ་རིག་ཐོན་ལས་ཉིད་ཞིང་ཆེན་ཡོངས་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སུ་གྱུར་ཡོད།
          ཉེ་ཆར་བཏོན་པའི་《མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》གཞིར་བཟུང་། མཚོ་སྔོན་གྱིས་2020ལོར་སླེབས་སྐབས་མ་བཅོས་རྒྱུ་ཆ་མཁོ་སྤྲོད་ལྟོས་བཅས་གདང་ངེས་དང་། གསར་གཏོད་ནུས་པ་ཆེ་ཙམ། ཐོན་ལས་འབྲེལ་ཐག་འཐུས་སྒོ་ཚང་ཙམ་གྱི་དེང་རབས་བོད་ལུགས་གསོ་རིག་གི་ཐོན་ལས་མ་ལག་ཅིག་བཏོད་ཡོད། 2025ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་ཁྲོད་སྣེ་ཁྲིད་ཀྱི་གནས་བབ་དེ་བས་སྲ་བརྟན་དུ་འགྲོ་རྒྱུ་དང་བོད་ལུགས་གསོ་རིག་གི་སྟོབས་ཆེན་ཞིང་ཆེན་དུ་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།