འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་ཕན་བདེ་སྡེ་ཁུལ་གྱི་བདེ་སྐྱིད་འཚོ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་07ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ལྷ་ས་ཕན་བདེ་སྡེ་ཁུལ་དུ་བསྐྱོད་ཚེ་མིག་མདུན་དུ་སྣང་བ་ནི་གྲལ་འགྲིག་པའི་ཐོག་བརྩེགས་ཁང་བཟང་དང་རྒྱ་ཆེ་ལ་གཙང་སྦྲ་དོད་པའི་སྣུམ་ནག་གཞུང་ལམ་ཁྱིམ་ཚང་རེ་རེའི་སྒོ་འགྲམ་དུ་བཏིང་ཡོད་པ་དེ་རེད།
           ལོ་49སོན་པའི་བསྟན་པ་ཚེ་རིང་གིས་ད་ལྟའི་འཚོ་བའི་སྐོར་གླེང་སྐབས་གདོང་ནས་འཛུམ་མདངས་འཕྱུར་བཞིན“གནས་སྤོས་བྱེད་སྐབས་ང་ཚོས་སོ་སོའི་རྡོག་ཁྲེས་མ་གཏོགས་འཁྱེར་དགོས་ཀྱི་མི་འདུག ཁང་པའི་ནང་ཁྱིམ་ཆས་ཚང་མ་བསྒྲིགས་ཚར་འདུག་པས་སེམས་ཁྲལ་མང་པོ་ཞིག་བསལ་བྱུང”ཞེས་བཤད།
          བསྟན་པ་ཚེ་རིང་ནི་དཔལ་སྡིངས་གྲོང་ཚོ་ནས་གནས་སྤོ་བྱས་པ་ཞིག་ཡིན་པ་དང་དེ་སྔོན་ཁོང་ས་ཕག་གི་ཁང་པའི་ནང་སྡོད་ཀྱི་ཡོད་ཅིང་། ཁང་པའི་ནང་རྟག་ཏུ་ཆར་ཐིགས་བརྒྱབ་ནས་བརླན་བཤེར་ཆེན་པོ་ཡོད་པས་ཁོང་གི་བཟའ་ཟླར་གྲུམ་བུའི་ནད་ཕོག་སྟེ་དྲག་སྐྱེད་གཏན་ནས་མ་བྱུང་བར་མལ་སར་ལུས། བསྟན་པ་ཚེ་རིང་གི་ནང་མི་ཚོས་ཁྱིམ་གྱི་ཕྱུགས་རིགས་བཙོངས་ནས་འཚོ་བ་འཕྱིད་ཐབས་བྱས་ཀྱང་དེས་འཚོ་བའི་འགྲོ་སོང་ཡང་འདང་གི་མེད་པས་འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད།
          ད་ཆ་འགྲིམ་འགྲུལ་སྟབས་བདེ་པོ་ཡོད་པ་དང་སྡོད་སའི་ཁོར་ཡུག་ཀྱང་ཡག་ཏུ་ཕྱིན་ཡོད། བསྟན་པ་ཚེ་རིང་གིས་ལྟ་སྐུལ་ཨུ་ལྷན་ཀྲུའུ་རེན་གྱི་འགན་འཁུར་གྱི་ཡོད་པའི་ཁར་བཟའ་ཟླའི་གྲུམ་བུའི་ནད་གཞིའང་དྲག་སྐྱེད་བྱུང་བས་འཚོ་བ་བདེ་སྐྱིད་ལྡན་པར་རོལ་བཞིན་ཡོད།
          ཕན་བདེ་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་འགན་འཁུར་བས་གོམ་སྟབས་རྗེས་མར་གྲོང་གསེབ་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རིམ་སྤོར་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ལ་ཞི་མཐུན་དང་བདེ་སྡོད་ལས་བརྩོན་གྱི་ཁོར་ཡུག་ཅིག་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཤིག སྤྱི་ཚོགས་འགན་ལེན་མ་ལག་འཐུས་ཚང་ཞིག ཐོབ་ཚོར་དང་བདེ་སྐྱིད་སྟོན་གྲངས་མཐོ་བ་བཅས་ཧུར་ཐག་ཡོང་བ་བྱས་ཏེ་དབུལ་སྒྲོལ་གྱི་ཞྭ་མོ་ཕུད་ཐུབ་པ་དང་། བསྐྱར་ལོག་མི་བྱེད་པ། ཕྱུག་པོ་ཆགས་ཐུབ་པ། འབྱོར་འབྲིང་གི་ལམ་དུ་བསྐྱོད་ཐུབ་པ་བཅས་ཀྱི་འགན་ལེན་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
         བསྡོམས་རྩིས་བྱས་པར་གཞིགས་ན། ལྷ་ས་ཁྲེང་ཀོན་ཆུས་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་འཛུགས་སྐྲུན་ལས་འགན་གྱི་དུས་ཐེངས་གཉིས་ནང་ཁྱོན་དུད་ཚང་701གི་མི་2833གནས་སྤོས་བྱས་ཡོད་པ་སྟེ། 2016ལོའི་དུས་ཐེངས་དང་པོའི་འཛུགས་སྐྲུན་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.59བཏང་ནས་ཁང་པ་374བསྐྲུན་པ་དང་དུད་ཚང་331གནས་སྤོས་བྱས་པ། 2017ལོར་དུས་ཐེངས་གཉིས་པའི་འཛུགས་སྐྲུན་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.8བཏང་ནས་ཁང་པ་550བསྐྲུན་པ་དང་དུད་ཚང་370གནས་སྤོ་བྱ་རྩིས་ཡོད་པ་ཚང་མ་ལྷུན་གྲུབ་རྫོང་གི་གནས་སྤོས་དུད་ཚང་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།