འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།“གྲོང་གསེབ་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་ན། སྣེ་ཁྲིད་པ་ཡག་པོར་བརྟེན་དགོས” 

    —— ཧེ་ལུང་ཅང་གི་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་བཅུ་ཡི་གཟུགས་བརྙན་གསར་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་03ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། གྲོང་གསེབ་དར་རྒྱས་ཡོང་དགོས་ན། སྣེ་ཁྲིད་པ་ཡག་པོར་བརྟེན་དགོས། ནུས་ཤུགས་ཡོད་རྒུས་བྱང་ཤར་དར་རྒྱས་ལ་སྐུལ་འདེད་གཏོང་བཞིན་པའི་ཞིང་ལས་ཞིང་ཆེན་ཆེན་པོ་ཧེ་ལུང་ཅང་གི་ངོས་ནས་བརྗོད་ན། འཇོན་ཐང་ཅན་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལེགས་འདེམས་ལེགས་གཏོང་གི་བྱེད་ཐབས་གལ་ཆེན་ཞིག་རེད། ན་ནིང་ལོ་མཇུག་ནས་འདི་ལོའི་ལོ་འགོ་བར་སྐབས་བརྗེའི་ལས་དོན་སྤེལ་རྗེས་ཧེ་ལུང་ཅང་ཞིང་ཆེན་གྱི་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་བཅུ་ཡིས་རང་ཉིད་ཀྱི་གསར་གཏོད་ཀྱི་འདུ་ཤེས་དང་བྱ་སྤྱོད་དངོས་ལ་བརྟེན་ནས་གྲོང་གསེབ་ཀྱི་སྣེ་ཁྲིད་པ་ཁག་གསར་པའི་གཟུགས་བརྙན་བཟང་པོ་བཏོད་ཡོད།
          བྱས་རྗེས་གསར་པ། “སྣེ་ཁྲིད་བྱས་ནས་ཞིང་པའི་སྲོལ་རྒྱུན་གྱི་འདུ་ཤེས་བསྒྱུར་བ”
          དབྱར་དུས་ཧེ་ལུང་ཅང་ཞིང་ཆེན་ཅ་དབྱིན་རྫོང་ཧུང་ཀོང་ཤང་ལེའོ་ཡོན་གྲོང་ཚོར་སྐྱོད་སྐབས་རུ་སྟར་འགྲིག་པའི་ཐོག་བརྩེགས་ཁང་ཆེན་བརྒྱད་པོ་དག་འདྲེན་བྱེད་ལམ་དུ་ལྷག་པར་འཆར་འོངས་ཤིང་། གྲོང་མི་དག་མོག་རོ་སྐམ་བཞིན་ངོ་གདོང་ནས་རྔུལ་ཆུ་ཁྲུམ་ཁྲུམ་དུ་ལྷུངས་ཀྱང་སེམས་ནང་སྤྲོ་སྣང་གིས་ཁེངས།
            ལེའོ་ཡོན་གྲོང་ཚོ་ནི་ཉེ་རིང་གང་སར་སྐད་གྲགས་ཡོད་པའི་མོག་རོ་སྐྱེ་འཚར་བཟང་བའི་གྲོང་ཚོ་ཞིག་ཡིན་པ་དང་། མོག་རོའི་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པར་བརྟེན་ཞིང་པའི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་ཡོད། ན་ནིང་གྲོང་ཚོ་ཡོངས་ཀྱི་ཞིང་པའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་བཟང་སྒོར་16219ཟིན་པ་དང་མོག་རོ་འདེབས་མཁན་ཞིང་པ་ཁག་གཅིག་ལ་ལོ་གཅིག་ལ་སྒོར་ཁྲི་ཉི་ཤུ་སུམ་ཅུ་བྱུང་ཡོད།
           མོག་རོའི་ཐོན་ལས་འཕེལ་རྒྱས་ཕྱིན་པ་དེ་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཝང་ཅིང་ཆོན་གྱི་སྣེ་ཁྲིད་དང་ཁ་འབྲལ་ཐབས་མེད། “ཞིང་པ་ཕྱུག་པོ་ཡོང་དང་མ་ཡོང་དེ་ཏང་ཀྲི་པུའུ་ལ་ཐུག་ཡོད”ཝང་ཅིན་ཆོན་གྱིས་ལེའོ་ཡོན་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་ཞིང་པའི་སྣེ་ཁྲིད་ནས་མཉམ་ལས་ཁང་བཙུགས་པ་དང་། མོག་རོ་འདེབས་པ། འགྱིག་ཤོག་དྲོད་ཁང་འཕེལ་རྒྱས་བཏང་བ་བཅས་བྱས་པར་བརྟེན་ཞིང་པ་ལ་ལའི་རྙིང་ཞེན་བག་འཁུམས་དང་བསྒྲུབ་མི་ཕོད་པའི་འདུ་ཤེས་ལ་འགྱུར་ལྡོག་ཕྱིན་ཡོད་ཅེས་བཤད།
          ཕ་ཡུལ་དུ་ལོག་ནས་ལས་གཏོད་འཇོན་ཐང་པའི་སྣེ་ཁྲིད་ཀྱི་ནུས་པ་ཡང་མངོན་གསལ་དོད་ཅིང་། པེ་ཅིང་དུ་ལས་ཀ་ལོ་བཅུ་གྲངས་བྱེད་མྱོང་བའི་ཧུང་མིང་ཅིན་ནི་ད་ཆ་ཧེ་ལུང་ཅང་ཞིང་ཆེན་ལའོ་པེ་རྫོང་ཏུང་མིང་ཁྲའོ་ཞན་རིགས་ཤང་ཧུང་ཀོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པ་དང་། ཁོང་གིས་གྲོང་ཚོ་དེར་གཉེར་སྐྱོང་ཞིང་ལས་ཀྱི་འདུ་ཤེས་གསར་པ་ཁྱབ་གདལ་བཏང་བ་རེད།
          ཧུང་ཀོང་གྲོང་ཚོར་ཆུ་འབྲས་འདེབས་པའི་ལོ་རྒྱུས་རིང་པོ་ཡོད་རུང་རྒྱུན་དུ་སྤྱིར་བཏང་གི་ཆུ་འབྲས་བཏབ་ཀྱི་ཡོད་པས་རིན་གོང་དམའ་པོ་ལས་མཐོ་པོ་རག་གི་མེད།
          “ད་ཆ་ཤ་སྐམ་དུ་གཏོང་ཆེད་དང་སྨན་ཚོད་འཛིན་བྱེད་པའི་ལྗང་མདོག་ཆུ་འབྲས་ཀྱི་ཕན་འབྲས་ལེགས་པས་ངས་ཚང་མར་འདེབས་འཛུགས་བྱེད་ཐབས་འདི་རིགས་འོས་སྦྱོར་བྱས་པ་ཡིན། ཡིན་ནའང་ལོ་དང་པོར་ཞིང་པ་མང་པོ་ཞིག་གིས་འདེབས་འདོད་བྱེད་ཀྱི་མི་འདུག ཕྱིས་སུ་ངས་ནང་མི་སྐུལ་སློང་བྱས་ཏེ་བཏབ་པ་དང་རིན་གོང་ཡང་སྤྱིར་བཏང་གི་ཆུ་འབྲས་ལས་ཕྱེད་ཀ་ལྷག་ཙམ་གྱིས་མཐོ་བ་རག་པ་དེ་མང་ཚོགས་གཞན་གྱིས་ཤེས་ནས་ལོ་གཉིས་པར་མི་མང་པོ་ཞིག་གིས་རང་འགུལ་ངང་ཆུ་འབྲས་འདི་རིགས་བཏབ། ན་ནིང་གྲོང་ཚོ་ཡོངས་ཀྱིས་ལྗང་མདོག་ཆུ་འབྲས་སྤྱི་ཆིང་275བཏབ་པ་དང་འདི་ལོ་འདེབས་ཁྱོན་ཆེ་རུ་བཏང་ཡོད་ཅེས་ཧུང་མིང་ཅིན་གྱིས་དེ་ལྟར་བཤད་བྱུང་།
          འཆར་འགོད་གསར་པ། “ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་གྲོང་གསེབ་འཕེལ་རྒྱས་ཀྱི་འདེགས་ཤིང་ལ་སྐུལ་འདེད་གཏོང་བ”
           ཧེ་ལུང་ཅང་ཞིང་ཆེན་ཐུང་ཅང་གྲོང་ཁྱེར་པ་ཁྲ་ཧོ་ཀྲེ་རིགས་ཤང་པ་ཁྲ་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཡིའུ་མིང་གོའི་ཁྱིམ་གྱི་སྒོ་འཛུལ་མ་ཐག་སྐར་མ་རིམ་པའི་ཏང་ཡོན་དུད་ཚང་གི་མཚོན་རྟགས་ཀྱི་བྱང་བུ་མཐོང་བྱུང་། གྲོང་ཚོ་དེའི་ཏང་ཡོན་ཚང་མའི་ཁྱིམ་གྱི་སྒོ་སྟེང་དུ་མཚོན་རྟགས་བྱང་བུ་འདི་རིགས་བཀལ་འདུག “དེས་དུས་དང་རྣམ་པ་ཀུན་ཏུ་ཏང་ཡོན་གྱིས་མང་ཚོགས་ལ་མིག་དཔེ་འདོན་དགོས་པ་དང་། ཏང་ཡོན་ལ་ཏང་ཡོན་གྱི་གཟུགས་བརྙན་ལྡན་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད”ཅེས་ཡིའུ་མིང་གོ་ཡིས་དེ་ལྟར་བཤད།
           “ང་ཚོས་པེ་ཅིང་གི་ཡུལ་སྐོར་ཁེ་ལས་ཤིག་དང་ངོ་འཕྲད་གྲོས་མོལ་བྱས་ནས་ཡུལ་སྐོར་གྲུ་གཟིངས་གཉིས་ཉོས་ཏེ་ཧོ་ཀྲེ་རིགས་ཀྱི་རིག་གནས་དང་ཅེ་ཅང་ཡུལ་སྐོར་སོགས་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་གྲོང་གསེབ་འཕེལ་རྒྱས་ཀྱི་འདེགས་ཤིང་ལ་སྐུལ་འདེད་གཏོང་རྒྱུ་ཡིན། སྐབས་དེ་དུས་ཞིང་པའི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་འགྲོ་རྒྱུའི་ཡིད་ཆེས་ཡོད”ཅེས་ཡིའུ་མིང་གོས་དེ་ལྟར་བཤད།
           ཉམས་མྱོང་ལྡན་ལ་འཇོན་ཐང་ཆེ་བའི་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་མང་པོ་ཞིག་གིས་གྲོང་ཚོའི་འཕེལ་རྒྱས་ཐད་ཕུགས་ཕན་གྱི་འཆར་གཞི་མང་པོ་བཀོད་ཅིང་། ལོ་20གོང་དུ་རྫོང་དེ་ཡོངས་ཀྱི“གྲོང་ཚོ་སྐྱོ་ཤོས”ཡིན་པ་དང་།
           ད་ཆ“སྣེ་ཁྲིད་གྲོང་ཚོར”འགྱུར་ཅིང་། ཧེ་ལུང་ཅང་ཞིང་ཆེན་སུའེ་པིན་རྫོང་ཀྲུང་རེན་གྲོང་རྡལ་ཅན་པན་གྲོང་ཚོའི་གྲོང་མི་མང་པོ་ཞིག་གིས་གྲོང་ཚོའི་ཡར་རྒྱས་ཀྱི་རྣམ་པ་དེ་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཧོ་ཀོང་ཆང་གི་སྣེ་ཁྲིད་ལས་བྱུང་བ་ཞིག་རེད་ཅེས་བཤད་བྱུང་།
           རེ་སྒུག་གསར་པ། “གྲོང་ཚོའི་ལས་བྱེད་པའི་གླ་ཆ་དེ་ཕྱིར་ལས་ཀ་བྱེད་མཁན་ལས་མཐོ་བ་ཡོད་པ”
           ཧེ་ལུང་ཅང་ཞིང་ཆེན་ཧུའུ་མ་རྫོང་ཨོའུ་ཕུའུ་ཤང་སན་ཧོ་གྲོང་ཚོའི་ཏང་རྩ་འཛུགས་ལ་ཏང་ཡོན་ལོ་ན་མཐོ་བའི་དཀའ་གནད་འཕྲད་ཡོད། སན་ཧོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲང་ཏ་ཁྲེང་གིས་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་13ནང་ལོ་50ཡན་གྱི་ཏང་ཡོན་6དང་ལོ་40མན་གྱི་ཏང་ཡོན་2ཡོད་ཅེས་བཤད་བྱུང་།
            “ན་གཞོན་དེ་བས་མང་བ་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ནང་ཁ་གསབ་བྱ་ཆེད། ཆབ་སྲིད་ཐད་ཉམས་སད་ཐེག་པ་དང་འགན་འཁྲིའི་བསམ་པ་ཆེ་བའི་གཞོན་ནུ་དང་། ལྷག་པར་དུ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་ཏང་རྩ་འཛུགས་ནང་བསྡུས་ཡོད”ཅེས་ཀྲང་ཏ་ཁྲེང་གིས་བཤད་བྱུང་།
            གྲོང་གསེབ་ཀྱི་བྱ་བ་ཡག་པོ་སྒྲུབ་དགོས་ན་སྣེ་ཁྲིད་པར་ཡག་པོར་བརྟེན་དགོས། ཧེ་ལུང་ཅང་ཞིང་ཆེན་ཤུན་ཁེ་རྫོང་ཆི་ཁེ་གྲོང་རྡལ་མཐའ་མཚམས་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་མེའོ་ཅན་ཧྭ་ཡིས་གཞི་རྩའི་གླ་ཆ་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ལེགས་འདེམས་དང་བྱ་དགའ་ཁ་གསབ་སྤྲོད་པ་སོགས་ལ་བརྟེན་ནས་གྲོང་ཚོའི་ཀྲི་ཧྲུའུ་དང་། གྲོང་ཚོའི་ཀྲུའུ་རེན། གྲོང་ཚོའི་རྩིས་པ་བཅས་ཀྱི་གླ་ཆ་འོས་འཚམ་གྱིས་མཐོ་རུ་བཏང་ནས་ཕྱིར་ལས་ཀ་བྱེད་མཁན་ལས་མཐོ་བ་ཡོད་ཅེས་བཤད་བྱུང་།
            2015ལོར་ཧེ་ལུང་ཅང་ཞིང་ཆེན་མོ་ཧོ་རྫོང་པེ་ཅི་གྲོང་རྡལ་ལོ་ཀུ་ཧོ་གྲོང་ཚོའི་ཏང་རྩ་འཛུགས་དེ“ནུས་མེད་ཟབ་ཟོབ”ཅིག་ཡིན་ཞིང་། མོ་ཧོ་རྫོང་གིས་ཧྲུའུ་ཅི་དང་པོ་ཆེད་མངགས་རྩ་འཛུགས་དེར་བཏང་ཞིང་། ལོ་ཀུ་ཧོ་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ལི་ཀྲི་ཧུང་གིས“ཧྲུའུ་ཅི་དང་པོ་གྲོང་ཚོར་སླེབས་རྗེས་སྲིད་ཇུས་ཤེས་རྟོགས་དང་། རྣམ་གྲངས་སྒྲུབ་རོགས། ཞིང་པར་སྐྱོབ་གསོ་ལེན་རོགས། ཀྲི་པུའུ་ལ་རྩ་འཛུགས་ཀྱི་འཚོ་བ་ཚད་ལྡན་དུ་གཏོང་རོགས་བཅས་བྱས་པར་བརྟེན། ཏང་ཀྲི་པུའུ་ཡི་དབང་གྲགས་དང་འཐབ་ནུས་དེ་བས་ཆེ་རུ་ཕྱིན་སོང”ཞེས་བཤད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཧྥེང་ཧྲོང་དང་། ཀོན་ཅན་ཐའོ། ཝང་ཅན།
      

    ཕྱོགས་བསྡུས་གསར་འགྱུར།