འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་ལི་ཐང་རྫོང་གིས་ཞིང་འབྲོག་པར་རིན་པ་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་31ཉིན། 11:27】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། སི་ཁྲོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ལི་ཐང་རྫོང་གིས་དམངས་ཀྱི་བདེ་ཐང་བརྟག་དཔྱད་ཀྱི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་ཤིང་། མིག་སྔའི་བར། ལི་ཐང་རྫོང་མོ་ལ་སྟོད་ཤང་དང་ཚོ་གསུམ་ཤང་སོགས་སྲིད་འཛིན་གྲོང་ཚོ་20རུ་ཞིང་འབྲོག་པ་2500ལྷག་གི་གཟུགས་པོར་བརྟག་དཔྱད་བྱས་ནས་ཞིང་འབྲོག་པས་ཁྱིམ་གྱི་སྒོ་ཁར་རིན་པ་མི་དགོས་པར་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་ཐུབ་ཡོད་པ་རེད།
             ལི་ཐང་རྫོང་ཨུད་དྲིལ་བསྒྲགས་པུའི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་དོན། ཟླ་7པའི་ཟླ་དཀྱིལ་ནས་འགོ་བཙུགས་ཏེ་ལི་ཐང་རྫོང་འཕྲོད་བསྟེན་འཆར་བཙའ་ཅུས་ཀྱིས་མོ་ལ་སྟོད་ཤང་དུ་དམངས་ཡོངས་ཀྱི་བདེ་ཐང་གི་གཟུགས་པོར་བརྟག་དཔྱད་བྱས་པ་དང་། རྫོང་ཡོངས་ཀྱི་སྨན་བཅོས་ཁོངས་གཏོགས་ཀྱི་ལས་སྒོའི་རྐང་འཛིན་70ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་སྨན་བཅོས་སྒྲིག་ཆས་30ཁྱེར་ནས་ཤང་དེ་གའི་ཞིང་འབྲོག་པར་ཕྱོགས་ཡོངས་ནས་རིན་པ་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱས་པ་རེད། གཟུགས་པོར་བརྟག་དཔྱད་བྱེད་པའི་ནང་གཞི་རྩའི་ཆ་འཕྲིན་ཐོ་འགོད་དང་། ནད་ཐོ་འཚོལ་བསྡུ། Bསྒྲ་རླབས། ཐུམ་འབུའི་ནད་བཤེར། སྙིང་པར། ལོ་65སླེབས་པའི་རྒས་ཁོག་ལ་ཀྲུང་ལུགས་གསོ་རིག་སྨན་བཅོས་ཀྱི་བདེ་ཐང་དོ་དམ། ལོ་མ་སོན་པའམ་ཡང་ན་ལོ་3མན་གྱི་བྱིས་པར་ཀྲུང་ལུགས་གསོ་རིག་སྨན་བཅོས་ཀྱི་བདེ་སྲུང་བྱེད་པ་སོགས་ཚུད་ཡོད་པ་རེད། དེ་དང་དུས་མཚུངས། གཉེན་སྒྲིག་བྱས་ཟིན་པའི་ཕྲུ་གུ་བཙའ་ལོ་ལོན་པའི་བུད་མེད་ལ་འཆར་ལྡན་བུ་བཙའི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པ་དང་འབྲེལ། བྱེད་སྒོ་སྤེལ་ཡུལ་དུ་འཆར་ལྡན་བུ་བཙའི་ཁས་ལེན་ཡི་གེར་མིང་རྟགས་བཀོད་པ་རེད། མིག་སྔར་མོ་ལ་སྟོད་ཤང་དང་ཚོ་གསུམ་ཤང་གཉིས་ཀྱི་སྲིད་འཛིན་གྲོང་ཚོ་20ལ་གཟུགས་པོར་བརྟག་དཔྱད་བྱས་ཟིན་པ་དང་རིན་པ་མི་དགོས་པར་མི་2500ལྷག་ཙམ་གྱི་གཟུགས་པོར་བརྟག་དཔྱད་བྱས་པ་རེད།
           ཤེས་རྟོགས་བྱས་པར་གཞིགས་ན། འཆར་འགོད་གཞིར་བཟུང་། ལི་ཐང་རྫོང་འཕྲོད་བསྟེན་འཆར་བཙའ་ཅུས་ཀྱིས་སྐུལ་འདེད་བརྟན་པོ་གཏོང་བའི་རྨང་གཞིའི་ཐོག ལི་ཐང་རྫོང་གི་ཤང(གྲོང་རྡལ)24ཡི་སྲིད་འཛིན་གྲོང་ཚོ་214ཡི་ཞིང་འབྲོག་པར་ཕྱོགས་ཡོངས་ནས་བདེ་ཐང་གི་བརྟག་དཔྱད་བྱས་པ་རེད། དེ་དང་དུས་མཚུངས། ཚོགས་པའི་ཞབས་ཞུ་རྒྱ་ཁྱབ་སྤེལ་བ་བརྒྱུད། སྨན་ཁང་དང་—འཕྲོད་བསྟེན་ཁང་—ཞབས་ཞུ་བྱ་ཡུལ་བཅས་ཧྲིལ་པོར་བསྡུས་ནས་ཞབས་ཞུའི་འབྲེལ་བ་བརྟན་པོ་བཙུགས་ཏེ་ཐུན་མོང་ཐོག་ཞབས་ཞུའི་ལག་རྩལ་དང་ཆུ་ཚད་མཐོ་རུ་བཏང་ནས་རྫོང་ཡོངས་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ལས་དོན་ཁག་རྒྱུན་ཆད་མེད་པར་ཞིབ་ཚགས་སུ་འགྲོ་རྒྱུར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།