འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་རྒྱལ་ཡོངས་རིག་དངོས་
    ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་31ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
              མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་24ཉིན། རྒྱལ་ཡོངས་རིག་དངོས་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། རིག་གནས་དང་ཡུལ་སྐོར་པུའི་ཏང་ཙུའི་ཧྲུའུ་ཅི་པུའུ་ཀྲང་ལུའོ་ཧྲུའུ་ཀང་ཚོགས་འདུར་ཞུགས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་ཏང་ཙུའི་ཁོངས་མི་པུའུ་ཀྲང་གཞོན་པ་ཀྲང་དབྱི་ཀྲེན་གྱིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ། རྒྱལ་ཁབ་རིག་དངོས་ཅུས་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་ལིའུ་ཡུས་ཀྲུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
            ཀྲང་དབྱི་ཀྲེན་གྱིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་རྒྱལ་ཁབ་རིག་དངོས་ཅུས་ཀྱི་《རྒྱལ་ཡོངས་རིག་དངོས་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས་》སྒྲོག་སྦྱངས་གནང་ནས་སྔོན་ཐོན་ལ་གཟེངས་བསྟོད་དང་དཔེ་མཚོན་བཏོད་དེ་རྒྱལ་ཡོངས་ཀྱི་རིག་དངོས་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྔར་བས་འཕེལ་བར་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་སྐྲུན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་བརྒྱུད་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་པེ་ཅིང་གྲོང་ཁྱེར་རིག་དངོས་ཞིབ་འཇུག་སུའོ་སོགས་ཚན་པ་49ལ“རྒྱལ་ཡོངས་ཀྱི་རིག་དངོས་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་དང་། ཀྲང་ཐུང་སོགས་བློ་མཐུན་28ལ“རྒྱལ་ཡོངས་རིག་དངོས་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་དོན་པའི”གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ལས་དོན་པས་ཞིང་ཆེན་དང་པུའུ་རིམ་པའི་གཟེངས་བསྟོད་བྱ་དགའ་ཐོབ་མཁན་གྱི་ཐོབ་ཐང་ལོངས་སུ་སྤྱོད་ཆོག་གི་ཡོད། ཚོགས་འདུའི་ཐོག་རྒྱལ་ཡོངས་རིག་དངོས་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་ཀྱི་གཟེངས་རྟགས་སྤྲད་པ་དང་སྔོན་ཐོན་ལས་དོན་པར་གཟེངས་རྟགས་དང་ལག་ཁྱེར་སྤྲད་པ་རེད།
          ལུའོ་ཧྲུའུ་ཀང་གིས་རྒྱལ་ཡོངས་རིག་དངོས་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་གཟབ་རྒྱས་བྱ་རྒྱུ་དེ་ཉེ་བའི་ལོ་ཤས་རིང་རིག་དངོས་ལས་དོན་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་མཚོན་པར་བྱ་རྒྱུ་དང་། རྒྱ་ཆེའི་རིག་དངོས་ལས་དོན་པའི་དགེ་མཚན་ལྡན་པའི་བསམ་པའི་ཉམས་འགྱུར་མངོན་པར་བྱ་རྒྱུ། རིག་དངོས་བྱ་གཞག་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་རྒྱུ། རང་རྒྱལ་གྱི་རྒྱལ་བབ་དང་མཐུན་པའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལམ་བུའི་ཐོག་ཧུར་ཐག་བསྐྱོད་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྒྱལ་ཡོངས་རིག་དངོས་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་སྒྱུར་བཅོས་གསར་གཏོད་བྱས་ཏེ་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། ཀྲུང་ཧྭའི་ཤེས་དཔལ་རྒྱུན་འཛིན་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་བཅས་ལ་དམིགས་བསལ་ལེགས་སྐྱེས་ཕུལ་ཡོད། ད་རེས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པ་ནི་དེའི་ཁྲོད་ཀྱི་གྲུབ་འབྲས་མངོན་གསལ་དོད་པ་དང་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་གྱི་གཟེངས་སུ་ཐོན་པའི་འཐུས་མི་ཡིན་པ་དང་། ཁོང་ཚོ་མང་ཆེ་བ་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་ནས་ཡོང་སྟེ་དུས་ཡུན་རིང་པོར་གཞི་རིམ་དུ་གཞི་ཚུགས་པ་དང་རང་འགན་གཙང་སྒྲུབ་བྱས་ནས་ལྷག་བསམ་རྣམ་དག་ངང་འགན་འཁྲི་འཁུར་བ་དང་བྲག་རྡོ་ལྟར་བརྟན་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་དང་། ལས་གཅེས་ལས་བཀུར་དང་བཅའ་སྲུང་དཀྱུས་མའི་ལེགས་སྐྱེས་ཀྱི་སྙིང་སྟོབས། དཀའ་སྤྱད་འབད་བརྩོན་དང་སྙིང་རུས་ཆེན་པོས་བརྩོན་ལེན་བྱེད་པའི་བྱ་གཞག་གི་རེ་འདུན། དངོས་ཐོག་བདེན་འཚོལ་དང་གསར་གཏོད་བྱེད་ཕོད་པའི་ལས་ཀའི་སྤྱོད་ཚུལ་བཅས་མཚོན་ཡོད། ཁོང་ཚོ་ནི་རིག་དངོས་ལས་དོན་པ་ཡོངས་ཀྱི་སློབ་སྦྱོང་གི་མིག་དཔེ་དང་བྱ་སྤྱོད་ཀྱི་ཚད་ཤིང་རེད། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པས་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་སྲུང་བ། ཐོག་མཐའ་བར་གསུམ་དུ་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་བྱས་རྗེས་གསར་པ་སླར་ཡང་འཇོག་པ་དང་གཟེངས་སུ་ཐོན་པའི་གྲུབ་འབྲས་སླར་ཡང་གཏོད་དགོས་ཞེས་གསུངས་པ་རེད།
            ལུའོ་ཧྲུའུ་ཀང་གིས་ད་དུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་དུས་རབས་གསར་པའི་རིག་དངོས་སྲུང་སྐྱོང་དང་། བེད་སྤྱོད། སྒྱུར་བཅོས་བཅས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བཀོད་སྒྲིག་གནང་བ་རེད། ཟླ་7ཚེས་6ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་ནས་འཚོགས་ཏེ་《རིག་དངོས་སྲུང་སྐྱོང་དང་། བེད་སྤྱོད། སྒྱུར་བཅོས་བཅས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཉེ་ཆར་ཀྲུང་དབྱང་གིས་གསར་བརྗེའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་འདུ་འགོད(2018ལོ་ནས་2022ལོ་བར)ལག་བསྟར་བྱ་རྒྱུའི་སྐོར་གྱི་སྲིད་ཇུས་ཡིག་ཆ་པར་འགྲེམས་བྱེད་ཉེར་ཡོད་པ་རེད། ཡིག་ཆ་གལ་ཆེན་དེ་གཉིས་ནི་དུས་རབས་གསར་པར་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་སྒྱུར་བཅོས་ལ་ཤུགས་སྣོན་རྒྱག་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་རབས་འཕེལ་རྒྱས་ལ་གཞི་ཚུགས་ནས་རིག་དངོས་ལས་དོན་ཐད་གནང་བའི་བཀོད་སྒྲིག་གལ་ཆེན་ཞིག་བཅས་ཡིན་པ་དེ་དུས་རབས་གསར་པའི་རིག་དངོས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། དུས་རབས་གསར་པའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རིག་དངོས་བདེ་འཇགས་དེ་ཐོག་མཐའ་བར་གསུམ་དུ་གནས་བབ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་རིག་དངོས་ཀྱི་བདེ་འཇགས་གནས་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། རིག་དངོས་སྲུང་སྐྱོང་གི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ལ་དམིགས་ནས་ལམ་ལུགས་འཆར་འགོད་དང་གནད་སྨིན་དོ་དམ་ལ་ཤུགས་སྣོན་རྒྱག་པ། རིག་དངོས་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ་སྲུང་སྐྱོང་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོང་བྱེད་པ། འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་སྒྱུར་བཅོས་ཀྱི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།