འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིས་ཨན་དུ་སློབ་གྲྭ་འབྲིང་ཆུང་གིས་སྒྲིག་འགལ་ངང་སློབ་མ་བསྡུ་བའི་བྱེད་སྤྱོད་ལ་
    ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་31ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཚེས་27ཉིན་ཤིས་ཨན་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་སློབ་གྲྭ་འབྲིང་ཆུང་གི་སློབ་བསྡུའི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་ནས་ལས་ཀའི་སྒྲིག་ཁྲིམས་ནན་པོ་སྲུང་དགོས་པའི་བརྡ་ཐོ་བཏང་སྟེ་སློབ་བསྡུའི་ལས་ཀའི“ནན་འགོག”བྱ་སྤྱོད་ཁག་བཅུ་བསྐྱར་བསྒྲགས་བྱས་པ་རེད།
            ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཤིས་ཨན་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་བསྡུའི་ལས་དོན་སྤེལ་འགོ་བཙུགས་པ་ནས་བཟུང་། སློབ་གྲྭ་འབྲིང་ཆུང་ཕལ་ཆེ་བས་རིམ་ཁག་སློབ་གསོ་སྡེ་ཚན་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སློབ་བསྡུའི་སྲིད་ཇུས་ལག་བསྟར་བྱེད་པ་དང་སློབ་བསྡུའི་ལས་དོན་ཚད་ལྡན་ནན་པོ་ཡོང་བ་བྱས་ཡོད། འོན་ཀྱང་སློབ་གྲྭ་ཁ་ཤས་ཀྱིས་སློབ་གསོ་སྡེ་ཚན་གྱིས་བཀག་རྒྱ་དང་གསལ་བསྒྲགས་ཡང་ཡང་བྱས་པར་མི་བལྟོས་པར་ཡ་མེད་སྒྲིག་འགལ་བྱས་པའི་ནང་གཙོ་བོ་སྒྲིག་འགལ་ངང་འཛིན་གྲྭ་དབྱེ་བའི་ཡིག་རྒྱུགས་གཏོང་བ་དང་། འཆར་གཞི་དང་ཁྱབ་ཁོངས་ལས་བརྒལ་བའི་སྒོ་ནས་སློབ་མ་བསྡུ་བ། ཁྱིམ་བདག་ཁ་ཤས་ལ་སློབ་འགོ་བཙུགས་རྗེས་སློབ་གྲྭའི་སྐྱིད་སྡུག་གི་མིང་ཁྱེར་ནས་སློབ་གནས་གཡར་ཆོག་པའི་ཁས་བླངས་པ། སྔ་སྣུར་ནས་སློབ་ཡོན་དང་། སློབ་གོས་ཀྱི་རིན་པ། ཞག་སྡོད་ཀྱི་རིན་པ་བཅས་བསྡུ་བ། དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་ཡིག་རྒྱུགས་ཀྱི་ཨང་དང་པོའམ་ཡང་ན་སྦྱངས་འབྲས་ཀྱི་མིང་གྲལ་སོགས་ཀྱི་གནད་དོན་སྒྲིག་འགལ་ངང་དྲིལ་བསྒྲགས་བྱེད་པ་བཅས་རེད།
            སྟོན་དུས་སློབ་འགོ་ཚུགས་རྗེས་ཤིས་ཨན་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་ཆེད་དོན་ལྟ་ཞིབ་བྱས་ནས་སྒྲིག་སྲོལ་དང་སྒྲིག་ལམ་ལས་འགལ་བའི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་སྟེ། དམངས་འཛུགས་སློབ་གྲྭ་དང་འབྲེལ་བ་ཡོད་ཕྱིན་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལོ་འཁོར་རྗེས་མའི་སློབ་བསྡུའི་འཆར་གཞི་ཉུང་འཕྲི་བྱེད་པའམ་ཡང་ན་ལོ་དེར་སློབ་མ་བསྡུ་མཚམས་འཇོག་རྒྱུ་མ་ཟད། གནས་ཚུལ་ཚབས་ཆེ་རིགས་ལ་སློབ་གཉེར་ཆོག་འཐུས་ལག་ཁྱེར་རྩིས་མེད་བཟོ་རྒྱུ་རེད། གཞུང་འཛུགས་སློབ་གྲྭ་དང་འབྲེལ་བ་ཡོད་རིགས་ལ་ཆུས་དང་རྫོང་དང་གསར་སྤེལ་ཁུལ་སློབ་གསོ་སྡེ་ཚན་གྱིས་དང་ཐོག་བརྡ་ཁྱབ་གཏོང་རྒྱུ་དང་འབྲེལ་དུས་ཐོག་ཏུ་གྲོང་ཁྱེར་སློབ་གསོ་ཅུས་ལ་སྙན་སེང་ཞུས་ནས་གྲོང་ཁྱེར་དེ་ཡོངས་སུ་བརྡ་ཁྱབ་གཏོང་རྒྱུ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་སློབ་གྲྭའི་ལོ་དེ་གའི་ལེགས་འདེམས་དང་སྔོན་ཐོན་དཔྱད་འདེམས་ཀྱི་ཐོབ་ཐང་ཚང་མ་མེད་པ་བཟོ་རྒྱུ་རེད། གནས་ཚུལ་ཚབས་ཧ་ཅང་ཆེ་རིགས་ལ་སློབ་གྲྭ་དེར་ཐོབ་པའི་སློབ་གསོའི་ཐད་ཀྱི་གཟི་བརྗིད་མཚན་སྙན་དེ་སྤྲོད་མཁན་སློབ་གསོའི་སྡེ་ཚན་ལ་དབང་བསྐུར་ནས་རྩིས་མེད་གཏོང་ཆོག་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།