འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་མཚོ་གཉིས་རྫོང་ལ་ས་མཐོའི་ཆེད་སྤྱོད་གསོ་རླུང་བཟོ་ཆས་ཞལ་འདེབས་བརྒྱབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་30ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཆ་སྙོམས་ས་བབ་སྨི་5000ཡན་ཟིན་པའི་ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་རྫོང་སྟེ། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་ལ་ཚེས་28ཉིན་ས་མཐོའི་ཆེད་སྤྱོད་གསོ་རླུང་བཟོ་ཆས་ཞལ་འདེབས་བརྒྱབ་པ་རེད། ཞལ་འདེབས་བརྒྱབ་པའི་སྒྲིག་ཆས་དེ་དག“ས་མཐོའི་བདེ་ཐང་འགན་སྲུང”གི་རྣམ་གྲངས་ཁོངས་གཏོགས་ཡིན་པ་རེད། འབྱུང་འགྱུར་རྣམ་གྲངས་དེས་ད་དུང་བདེ་ཐང་གི་གཞི་གྲངས་ཆེ་མོ་དང་རྒྱང་རིང་སྨན་བཅོས་ཚོགས་པར་བརྟེན་ནས་ས་བབ་མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པའི་ས་ཁུལ་གྱི་མང་ཚོགས་ཚོར་བདེ་ཐང་གི་ལྟ་ཞིབ་ཚད་ལེན་དང་འགན་ལེན་མ་ལག་འཛུགས་རྒྱུ་ཡིན་པ་རེད།
           མཚོ་གཉིས་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་ནུབ་བྱང་རྒྱུད་དུ་གནས་པ་དང་། ས་ཆ་མང་ཆེ་བ་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གནས་ཡོད། རྫོང་དེ་ཡོངས་ལ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་12ཙམ་དང་མི་འབོར་14000ལྷག་ཙམ་ཡོད། རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧུའུ་ཡུང་གིས། མཚོ་གཉིས་རྫོང་ནི་ས་བབ་མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པས་འཚོ་གནས་ཀྱི་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད་སྟབས་མིའི་ཆ་སྙོམས་ཚེ་ཚད་ལོ་60ཡང་ཟིན་གྱི་མེད། གསོ་རླུང་དཀོན་པའི་ཁོར་ཡུག་གིས་ས་གནས་དེ་གའི་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་ལེགས་སུ་འགྲོ་རྒྱུར་ཚོད་འཛིན་ཕོག་ནས་གཤགས་བཅོས་ཆེ་གྲས་སོགས་སྨན་བཅོས་བྱེད་སྒོ་སྤེལ་རྒྱུར་ཚོད་འཛིན་མང་པོ་ཞིག་འཕྲད་ཀྱི་ཡོད་ཅེས་བཤད།
            རྣམ་གྲངས་འགན་ཁུར་བ་ལི་ཅིང་གིས། རྣམ་གྲངས་ཞིབ་འཇུག་གསར་སྤེལ་བྱེད་བཞིན་ཡོད་པའི་གྲས་སུ་ཉལ་ཁང་སོགས་ནང་གི་ས་མཐོའི་གསོ་རླུང་གསབ་བྱེད་སྒྲིག་ཆས་ཀྱི་གནོན་ཤུགས་སྙོམས་སྒྲིག་བྱེད་རྒྱུ་ཚུད་ཡོད། འབྱུང་འགྱུར་རྣམ་གྲངས་དེས་གསོ་རླུང་གསབ་བྱེད་མ་ལག་དང་། བདེ་ཐང་ལྟ་ཞིབ་ཚད་ལེན་ལས་སྟེགས། རྒྱང་རིང་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་པ། བདེ་ཐང་གི་གཞི་གྲངས་ཆེ་མོ་དབྱེ་ཞིབ་མ་ལག་བཅས་ཚུད་པའི་བདེ་ཐང་དབུལ་སྐྱོར་ཐོན་ལས་གསར་སྤེལ་བྱས་ནས་བོད་ལྗོངས་ཀྱི་ས་ཁུལ་དེ་བས་མང་བར་ཚོད་ལྟ་བྱས་ཏེ་ས་གནས་དེ་གའི་མང་ཚོགས་དང་། བོད་ལྗོངས་སུ་ཡོང་མཁན་གྱི་ཡུལ་སྐོར་བ། བོད་སྐྱོར་མི་སྣ་བཅས་སྔར་བས་མང་བ་ཞིག་ལ་ས་མཐོར་དེ་བས་བདེ་ཐང་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།