འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་ཀྲོའུ་ཅོ་ནེ་རྫོང་གིས་འབྱུང་རྩ་ནས་བདེ་ཐང་དབུལ་སྐྱོར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་30ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་བ་དང་ནད་ཀྱིས་རྐྱེན་པས་བསྐྱར་དུ་དབུལ་པོར་གྱུར་བ་དེ་གནད་སྨིན་དབུལ་སྐྱོར་ལས་ཀའི་འགལ་རྐྱེན་ཆེ་ཤོས་རེད། འགལ་རྐྱེན་དེ་རིམ་བཞིན་བསལ་ཏེ་འབྱུང་རྩ་ནས་དབུལ་པོ་སེལ་ཆེད། ཅོ་ནེ་རྫོང་གིས་གནད་སྨིན་ཤུགས་འདོན་དང་བྱེད་ཐབས་སྣ་མང་མཉམ་དུ་སྤྱད་དེ་བདེ་ཐང་དབུལ་སྐྱོར་ལ་ཤུགས་ཆེན་པོ་བརྒྱབ་པ་རེད།
            “ང་ད་ལོ་ལོ་60ལྷག་ཙམ་ཡིན། སྨན་ཁང་དུ་སྡོད་སྐབས་གཏའ་མ་འཇོག་མི་དགོས་པར་སྔོན་ལ་སྨན་བཅོས་བྱེད་པའི་ཐོབ་ཐང་ལོངས་སུ་སྤྱོད་ཐེངས་དང་པོ་ཡིན། ངའི་ནད་གཞི་སྨན་བཅོས་ཡག་པོ་ཐུབ་བྱུང་བས་ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ལོ་68ལ་སླེབས་པའི་ཀྲའོ་ཞུའེ་ཚའེ་ཡིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།
            ཀྲའོ་ཞུའེ་ཚའེ་ནི་ཅོ་ནེ་རྫོང་ན་ལང་ཤང་ཤིས་ཉི་གཞོང་གྲོང་ཚོའི་མི་ཡིན་པ་དང་ཁོང་ལ་ཡུན་རིང་གཅིན་སྙི་ཟགས་ཁུའི་ནད་དང་ཁྲག་ཤེད་མཐོ་བའི་ནད་ཕོག་པ་ལས་ཞོར་ལ་ནད་རིགས་སྣ་ཚོགས་ཕོག་སྟེ་ངལ་རྩོལ་ནུས་པ་ཤོར་ཡོད། དེ་ནི་ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་བའི་དཔེ་མཚོན་ཞིག་རེད།
           ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར་བྱ་ཆེད། ཅོ་ནེ་རྫོང་གིས་《བདེ་ཐང་དབུལ་སྐྱོར་གྱི“ཁག་གཅིག་རེ་གསུམ”གྱི་བྱ་སྤྱོད་འཆར་གཞི་》བཟོས་ནས“ནད་ཆེན་ཁག་གཅིག་གཅིག་སྡུད་ཐོག་སྨན་བཅོས་བྱེད་པ་དང་། གཅོང་ནད་ཁག་གཅིག་ལ་གན་འཇོག་ཞབས་ཞུའི་དོ་དམ་བྱེད་པ། ནད་ལྕི་ཁག་གཅིག་མཐའ་སྐྱོང་འགན་ལེན་བྱེད་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། རྫོང་དེ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁྲོད་ནད་ཆེན་ཕོག་པའི་ལོ་3ནས་70བར་གྱི་མི་ཁྱོན་112རག་འདེམས་བྱས་ཏེ་ཁག་ཐེངས་གསུམ་ལ་བགོས་ནས་ཞིང་ཆེན་དེའི་ཀྲུང་ལུགས་གསོ་རིག་སྨན་ཁང་དུ་གཅིག་སྡུད་སྨན་བཅོས་བྱས་པ་དང་ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་བ་དང་ནད་ལྟ་མི་ཐུབ་པའི་མང་ཚོགས་དེ་དག་གི་བདེ་ཐང་འགན་ལེན་བྱས་ཐོག་རྩ་བའི་ཆ་ནས་དབུལ་ཕོངས་ལས་གྲོལ་ཆེད་འབྱུང་རྩ་ནས་དབུལ་སྐྱོར་བྱས་པ་རེད།
           ཀྲོའུ་ཞུའེ་ཚའེ་ནི་ཅོ་ནེ་རྫོང་གི་ཞིང་ཆེན་དེའི་ཀྲུང་ལུགས་གསོ་རིག་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བའི་ཁག་དང་པོའི་ནད་པ་ཡིན་པ་དང་སྨན་པ་དང་ནད་སྐྱོང་པས་ཟླ་ཕྱེད་ལྷག་ཙམ་སྨན་བཅོས་དང་ལྟ་རྟོག་བྱས་པ་བརྒྱུད་ཀྲའོ་ཞུའེ་ཚའེ་ཡི་གཟུགས་གཞི་དྲག་སྐྱེད་ཡག་པོ་བྱུང་བ་དང་སྨན་ཁང་ནས་དོན་རྗེས་སླར་ཡང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་འགན་བཅོལ་ལམ་ལུགས་གསར་པ་དང་མཐུན་སྦྱོར་བྱས་ནས་ཁོང་ལ་གཅོང་ནད་ཡོད་པའི་འགྲོ་ལུགས་གཉེར་བ་དང་སྒོ་བསྟེན་སྨན་ཁང་ནས་སྨན་ཉོས་ཚེ་སྨན་རིན་75%རྩིས་ཞུ་བྱེད་ཆོག་པས་ཁོང་གི་དཔལ་འབྱོར་ཁུར་པོ་ཡང་དུ་ཕྱིན་ཡོད།
            ཁོང་ནད་དང་། ཕྱི་ནད། བུད་མེད། བྱིས་པ། ཀྲུང་ལུགས་གསོ་རིག ཞིབ་དཔྱད། Bསྒྲ་རླབས་སོགས་ཁོའོ་དང་ཁང་གི་རྐང་འཛིན་སྨན་པ་དཀའ་བཅུ་པ་སྐོང་འཐེན་བྱས་ནས། “རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་སྨན་ཁང་གསར་གཏོད་བྱས་ཏེ་བདེ་ཐང་དབུལ་སྐྱོར་གྱི་སྨན་རིན་མི་དགོས་པའི་སྐོར་སྐྱོད་སྨན་བཅོས”དང་དུས་ཡུན་གཟའ་འཁོར་གཅིག་གི“མི་སེར་གྱི་བདེ་ཐང་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་ཀྱི་འོས་འགན་བྱེད་སྒོ་ཆེ་གྲས་ཀྱི་གཟའ་འཁོར་དང་བདེ་ཐང་དབུལ་སྐྱོར་གྱི་སྨན་རིན་མི་དགོས་པའི་སྨན་བཅོས་སྐོར་སྐྱོད་སྨན་བཅོས་ཞབས་ཞུའི”བྱེད་སྒོ་སྤེལ་ནས་འོས་འགན་སྨན་བཅོས་ཡོངས་ལ་ཁྱབ་ཐུབ་པ་རེད།
           བསྡོམས་རྩིས་བྱས་པར་གཞིགས་ན། 2017ལོའི་ཟླ་12པར་རྫོང་རིམ་པའི་སྨན་བཅོས་སྒྲིག་གཞིས་ཁྱོན་སྨན་དོན་མི་སྣ་ཐེངས་260བཏང་ནས་འོས་འགན་སྨན་བཅོས་བྱེད་སྒོ་ཐེངས་14སྤེལ་བ་དང་། ནད་པ་མི་ཐེངས་8294ལ་འོས་འགན་སྨན་བཅོས་བྱས་པ། མི་ཐེངས་700ལྷག་ཙམ་ལ་བདེ་ཐང་གི་གཟུགས་པོའི་བརྟག་དཔྱད་བྱས་པ། བདེ་ཐང་གི་འཆད་ཁྲིད་ཆེན་པོ་ཐེངས་2བྱས་པ། བདེ་ཐང་སློབ་གསོའི་དྲིལ་བསྒྲགས་དཔྱད་གཞི་13000ལྷག་ཙམ་སྤྲད་པ། ཤང་དང་གྲོང་རྡལ་ཁག་གི་འཕྲོད་བསྟེན་ཁང་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱིས་རྫོང་ཡོངས་ཀྱི་མི་འབོར་དབུལ་པོ་18518ལ་སྨན་ཡོན་མི་དགོས་པའི་བདེ་ཐང་གི་གཟུགས་པོའི་བརྟག་དཔྱད་བྱས་པ། མི་8144ལ་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་བྱས་པ་བཅས་རེད།
            སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་རིམ་དབྱེའི་ནད་བརྟག་སྨན་བཅོས་ཀྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཐོག་མང་ཚོགས་ཀྱིས་སྨན་པ་བསྟེན་པར་སྟབས་བདེ་བསྐྲུན་པ་དང་། གཞི་རིམ་མང་ཚོགས་ཀྱིས་ནད་ལྟ་དཀའ་བ་དང་། སྨན་རིན་མཐོ་བ། སྨན་ཁང་ཐག་རིང་བ་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་པས། ནད་ཆེན་རྫོང་ནས་ཐོན་མི་དགོས་པའི་དམིགས་ཚད་མངོན་འགྱུར་བྱུང་བ་དང་ཅོ་ནེ་རྫོང་གིས་རྫོང་མི་དམངས་སྨན་ཁང་དང་རྫོང་ཀྲུང་ལུགས་གསོ་རིག་སྨན་ཁང་དང་མཐུན་སྦྱོར་གང་ལེགས་བྱས་ཏེ་ཀན་སུའུ་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་གི་སྨན་བཅོས་མནའ་འབྲེལ་ནང་ཞུགས་པ་རེད། རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཐོན་ཁུངས་ལེགས་སྒྲིག་བྱས་ཏེ་ཚན་རིག་དང་མཐུན་པ་དང་ནུས་པ་ལྡན་པའི་རིམ་དབྱེའི་ནད་བརྟག་སྨན་བཅོས་དང་། ཁ་གཏད་རོགས་སྐྱོར་དང་ལག་རྩལ་མཉམ་ལས་སོགས་ལས་བགོས་མཉམ་ལས་ལམ་སྲོལ་བཙུགས་ནས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་ཁྱབ་པ་དང་། ཐག་རིང་ལུང་ཁུག་གི་ནད་པ་ཁྱིམ་ནས་ཐོན་མི་དགོས་པར་སྨན་བཅོས་ཐོན་ཁུངས་ལོངས་སྤྱོད་ཐུབ་པ་བྱས་པ་དང་། ནད་པས་ནད་གཞི་ལྟ་བའི་ཆེད་དེ་བས་སྟབས་བདེ་དང་ཕྱོགས་ཡོངས་ཀྱི་སྨན་བཅོས་འགན་ལེན་བྱས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།