འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།རྩྭ་ཁ་འགོག་པ་དང་རྩྭ་ར་ལོ་བསྙལ་བྱས་ནས་རྩྭ་ཐང་ཞན་འགྱུར་བཀག་འགོག་བྱས་པ།

    ས་ནག་གྲམ་ཐང་སྔོ་ལྗང་ཅན་དུ་གྱུར་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་30ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ལྕགས་འབུམ་རྒྱལ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མང་རྫོང་ཐར་ཤུལ་ཤང་ཐར་ཤུལ་གྲོང་ཚོའི་གྲོང་མི་ཡིན་ཞིང་། 2016ལོའི་ཟླ་བརྒྱད་པར་དཔྱད་དཔོག་ཚོགས་ཆུང་གིས་ཁོང་ལ་དབང་བའི་སྒོ་ཕྱུགས་དང་རྩྭ་ཐང་སོགས་ཀྱི་ཐོན་ཁུངས་ལ་དཔྱད་དཔོག་བྱས་ནས་དངུལ་ལ་ཕབ་རྗེས་གངས་ལྗོངས་ནོར་གཡང་སྣོད་བཅུད་འབྲོག་ལས་ཆེད་ལས་མཉམ་ལས་ཁང་གི་མ་རྐང་ནང་དངོས་སུ་ཞུགས་པ་རེད། དུས་དེ་ནས་བཟུང་ཁོང་སྔོན་ཆད་དང་མི་འདྲ་བའི་འཚོ་བ་གསར་པ་ཞིག་སྐྱེལ་འགོ་ཚུགས།
             གངས་ལྗོངས་ནོར་གཡང་སྣོད་བཅུད་འབྲོག་ལས་ཆེད་ལས་མཉམ་ལས་ཁང་2015ལོར་བཙུགས་པ་དང་། དེ་ནི་ཁྱིམ་ཚང་འབྲོག་ར་ནས་ཕྱོགས་སྒྱུར་རིམ་སྤོར་བྱས་ཏེ་བྱུང་བ་ཞིག་རེད། 2016ལོར་གངས་ལྗོངས་ནོར་གཡང་རྒྱལ་ཡོངས་ཀྱི་རྩྭ་ཐང་སྣོད་བཅུད་འབྲོག་ལས་ཀྱི་ཚོད་ལྟའི་མཉམ་ལས་ཁང་ལ་གྱུར་པ་དང་སྣོད་བཅུད་སྲུང་སྐྱོང་དང་། འབྲོག་ལས་ཐོན་འཕར། འབྲོག་པར་འབབ་འཕར་བཅས་དམིགས་ཚད་དུ་བྱས་ནས་སྒོར་ཁྲི་303.08གྲབས་གསོག་བྱས་ཏེ་ས་ཆ་མུའུ་50ཟིན་པའི་ཚད་ལྡན་ཅན་གྱི་གསོ་ཚགས་རྟེན་གཞི་ཞིག་གསར་དུ་བཙུགས་པ་རེད།
            ངོ་སྤྲོད་བྱས་པར་གཞིགས་ན། མཉམ་ལས་ཁང་གིས་ནོར་ལུག་འཚོ་བ་དང་། ནོར་ལུག་ཕན་ཆེའི་སྒོ་ནས་གསོ་ཚགས། འབྲོག་ལས་ཐོན་རྫས་ལས་སྣོན་བྲིན་ཚོང་། གཟན་རྩྭ་འདེབས་འཛུགས་དང་གཟན་ཆག་ལས་སྣོན་བཅས་ཚོགས་ཆུང་6བཙུགས་པས། འབྲོག་པས་ཐོན་སྐྱེད་དང་། སྒྲིག་འཛུགས། བགོ་བཤའ། འཕེལ་རྒྱས་བཅས་བྱེད་སྟངས་ལ་འགྱུར་ལྡོག་ཕྱིན་ཡོད་པ་རེད།
            མང་རྫོང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་ཡང་ཀྲེན་ཧའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། “སྣོད་བཅུད་ལ་བརྟེན་ནས་རྫོང་འཛུགས་སྐྲུན་དང་། རྩྭ་འདེབས་ལས་རིགས་གཙོ་བོར་བྱེད་པ། རྩྭ་ཐང་ཐོན་ལས་འཕེལ་རྒྱས་གཏོང་བ། འབྲོག་ལས་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་ཞིང་འབྲོག་ལས་འཁོར་རྒྱུག་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་། མང་རྫོང་གིས་རྩྭ་ཁ་འགོག་པ་དང་རྩྭ་ར་ལོ་བསྙལ་སོགས་ཀྱི་ཐབས་ལ་བརྟེན་ནས་བྱེ་འགྱུར་ཅན་གྱི་ན་ཁ་དང་གྲམ་ཐང་ནག་པོ་དག་རང་བྱུང་གི་རྩྭ་ཁ་ལེགས་པའི་རྩྭ་ཐང་དུ་བསྒྱུར་བ་རེད།
            ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་ཆེད། མང་རྫོང་གི་ཁྱིམ་ཚང་འབྲོག་ར་107དང་སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་35ཡིས་ཁུལ་དབྱེ་ནས་རྩྭ་ཁ་རེས་སྐོར་དང་། ནོར་ལུག་གི་ཁྱུ་ཚན་པར་བྱས་ནས་རྩྭ་ཐང་གསར་དུ་བགོ་བཤའ་བརྒྱབ་ནས་རྩྭ་ར་ཚན་རིག་དང་མཐུན་པའི་ངང་སྤྱོད་རྒྱུ་ཁྱབ་གདལ་བཏང་བས། རྩྭ་ཕྱུགས་དོ་སྙོམས་བྱུང་ཡོད་པ་རེད།
            “རྩྭ་ཁ་འགོག་པ་དང་རྩྭ་ར་ལོ་བསྙལ་བྱས་པས་སྤང་རྩྭ་སྐྱེ་འཚར་ཐུབ་པ་མ་ཟད། ངལ་རྩོལ་ནུས་ཤུགས་ལྷག་མ་ཡང་ཐོན་པ་རེད”ཅེས་ཡང་ཀྲེན་ཧའེ་ཡིས་བཤད་པ་རེད།
             དེ་སྔ་ཕྱུགས་རྫི་བ་ཡིན་པའི་ཤ་ཐར་རྒྱལ་ལ་གོ་གནས་ཤིག་མང་དུ་ཕྱིན་པ་སྟེ། ཐར་ཤུལ་ཤང་རྩྭ་འགོག་རུ་ཆེན་གྱི་རུ་དཔོན་རེད། “འདི་ལོ་ཐར་ཤུལ་ཤང་གིས་མུའུ་ཁྲི་24.9ཡི་རྩྭ་རའི་རྩྭ་ཁ་བཀག་པར་ཟླ་གསུམ་ནང་རྩྭ་ཐང་སྲུང་སྐྱོང་བ་200ཙམ་མངགས་པ་རེད། འབྲོག་པ་མང་པོ་ཞིག་གིས་རྩྭ་ཐང་དོ་དམ་བྱེད་སྟངས་དེས་ཁོར་ཡུག་སྲུང་སྐྱོང་ལ་ཕན་པ་མ་ཟད། ད་དུང་ཡོང་འབབ་བརྟན་པོ་ཡོད་པ་ཤེས་འདུག”ཅེས་ཤ་ཐར་རྒྱལ་གྱིས་བཤད་པ་རེད།
           མང་རྫོང་གི་རྫོང་དཔོན་གཞོན་པ་རིན་ཆེན་འབུམ་གྱིས་གཉེར་སྐྱོང་བྱེད་པོ་གསར་པས་ཚད་གཞི་ངེས་ཅན་ཞིག་གི་ངོས་ནས་སྲོལ་རྒྱུན་གྱི་ཁ་ཐོར་གསོ་ཚགས་དུད་ཚང་གི་རྣམ་པར་འགྱུར་ལྡོག་བྱུང་བ་དང་སྦྲགས། འབྲོག་པ་སྲོལ་རྒྱུན་འབྲོག་ལས་ནས་དེང་རབས་འབྲོག་ལས་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་ཁྲིད་ཐུབ་པ་དང་འབྲོག་པར་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་ཐུབ་སྟེ་ཡུལ་དེ་གའི་སྣོད་བཅུད་སྲུང་སྐྱོང་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།