འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཚན་རྩལ་ལ་བརྟེན་ནས་མཚོ་སྔོན་མདོ་ལ་རིང་མོའི་སྣོད་བཅུད་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་30ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཟིན་པའི་མཚོ་སྔོན་ཞིང་ཆེན་གྱི་མདོ་ལ་རིང་མོའི་ཁུལ་དུ་རྩྭ་ཐང་ཉམས་ཞན་དུ་ཕྱིན་ནས་བྱེ་འགྱུར་ས་ནག་ཐང་ཆེན་པོ་ཞིག་ཆགས། ཉེ་བའི་ལོ་གསུམ་རིང་མཚོ་སྔོན་ཞིང་ཆེན་གྱིས་དེར་རྒྱལ་ཁབ་ཚན་རྩལ་འདེགས་སྐྱོར་འཆར་འགོད་རྣམ་གྲངས་ལག་བསྟར་བྱས་ནས་སླར་གསོའི་ལག་རྩལ་རབ་དང་རིམ་པ་སྤྱད་པ་བརྒྱུད་མུའུ་35000ཡི་བྱེ་འགྱུར་ས་ནག་ཐང་རྩྭ་ཐང་དུ་གྱུར་བ་དང་ཉམས་ཞན་རྩྭ་ཐང་གི་སྐྱེ་འཚར་ནུས་པ་ཆེ་རུ་ཕྱིན་ཏེ་སྣོད་བཅུད་དང་། འཚོ་བ། ཐོན་སྐྱེད་ཀྱི་འཕེལ་རྒྱས་རྣམ་པ་བཟང་པོ་ཞིག་རགས་ཙམ་ཆགས་ཡོད་པ་རེད།
              རྩྭ་ཐང་སྔོ་འགྱུར་གྱི་དུས་དེར་མཚོ་སྔོན་ཞིང་ཆེན་འབྲོག་ལས་ཕྱུགས་རིགས་སྨན་པའི་ཚན་རིག་ཁང་གི་ཞིབ་འཇུག་ཚོགས་པ་སྔ་ས་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཡི་མདོ་ལ་རྫོང་དུ་སླེབས་ཤིང་། མུ་རི་གྲོང་རྡལ་བྲོ་རྒ་གྲོང་ཚོར་ཞིབ་འཇུག་པ་གཞོན་པ་ལི་ཧྲི་ཞུང་གིས་རྩྭ་ཐང་སྐྱེ་འཚར་ལེགས་པའི་སྤང་རྩྭར་མཛུབ་མོ་བཙུགས་ནས་གསར་འགོད་པར“ལོ་ཤས་གོང་དེར་བྱེ་འགྱུར་ས་ནག་ཐང་ཡིན་པ་དང་ས་རྒྱུ་སྨྱག་ས་ཚི་སྐམ་ཚབས་ཆེ་བ་དང་ཐ་ན་ཐང་རྒོད་དུ་གྱུར་གྲབས་བྱས། འོན་ཀྱང་ད་ཆ་ཉམས་ཞན་དུ་གྱུར་བའི་རྩྭ་ཐང་དག་རྩ་བའི་ཆ་ནས་བཅོས་སྒྲིག་ཐུབ་ནས་ལོ་རེའི་འབྲོག་རྩྭ་སྣོད་བཅུད་འབྲོག་ལས་ཆེད་ལས་མཉམ་ལས་ཁང་གི་ཐོན་སྐྱེད་དགོས་མཁོ་རྦད་དེ་སྐོང་ཐུབ་ཀྱི་ཡོད”ཅེས་བཤད་པ་རེད།
              ཕན་འབྲས་དེ“མདོ་ལ་རིང་མོའི་རང་བྱུང་རྩྭ་ཐང་གི་སྣོད་བཅུད་མ་ལག་སླར་གསོ་དང་སྲུང་སྐྱོང་ལག་རྩལ་གཅིག་སྡུད་དཔེ་སྟོན”གྱི་རྣམ་གྲངས་ལག་བསྟར་བྱས་པ་ལས་བྱུང་བ་ཞིག་རེད། དུས་འགོར་རྣམ་གྲངས་དེས་མཐོ་གྲང་ཁུལ་གྱི་འདེབས་འཛུགས་ལ་འཚམ་པའི་སྤུས་ལེགས་འབྲོག་རྩྭ་སྣ་ཁ་6བདམས་པ་དང་འབྲེལ་ཉམས་ཞན་དུ་གྱུར་བའི་རྩྭ་ཐང་གསབ་འདེབས་དང་། བྱེ་འགྱུར་ས་ནག་ཐང་བཅོས་སྒྲིག ཨ་བྲའི་གནོད་པ་འགོག་བཅོས་སོགས་ཀྱི་བྱ་ཐབས་རབ་དང་རིམ་པའི་རྨང་གཞིའི་ཐོག་2014ལོ་ནས་བཟུང་དཔྱད་གཞི་ཚོགས་ཆུང་གི་རིགས་གཅིག་མཁས་ཅན་གྱིས་མདོ་ལ་རིང་མོའི་ཁུལ་གྱི་བྱེ་འགྱུར་ས་ནག་ཐང་དུ་གཟན་རྩྭའི་རྟེན་གཞི་ཐོག་མར་བསྐྲུན་པ་མ་ཟད། རང་བྱུང་རྩྭ་ཐང་སྔོ་འགྱུར་སྐབས་ཕྱུགས་འཚོ་མཁན་ཁྱིམ་ཚང་ལ་རྟེན་གཞིའི་གཟན་རྩྭ་སྤྲད་ནས་འབྲོག་རྩྭ་འཚར་སྐྱེའི་གནོན་ཤུགས་ཆུང་དུ་བཏང་ཡོད།
             “དེ་སྔོན་རྩྭ་ཐང་ཉམས་ཞན་དུ་འགྱུར་བའི་སྐབས་ཐོག་མར་ཕྱུགས་འགོག་པའི་བསམ་བློ་གཏོང་གི་ཡོད་མོད། འོན་ཀྱང་ཡུན་རིང་སོང་ཚེ་འབྲོག་པའི་ཐོན་སྐྱེད་འཚོ་བར་ཤུགས་རྐྱེན་ཐེབས་པས་ཞིབ་འཇུག་ཚོགས་ཆུང་གིས་རྣམ་གྲངས་ལག་བསྟར་བྱེད་རིང་ས་གནས་དེ་གའི་སྲིད་གཞུང་དང་སྦྲེལ་མཐུད་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་འབྲོག་པ་གསོ་སྦྱོང་བྱས་ཏེ་ཁོང་ཚོར་ཉམས་ཞན་དུ་གྱུར་བའི་རྩྭ་ཐང་བཅོས་སྒྲིག་ལ་འཕྲད་པའི་ལག་རྩལ་ཁག་ཁོང་དུ་ཆུད་དུ་བཅུག་པ་དང་བཅོས་སྒྲིག་བྱེད་ཀྱིན་དུ་ཐོན་སྐྱེད་བྱས་ནས་རྩྭ་ཐང་སླར་གསོ་དང་འབྲོག་ལས་ལུགས་མཐུན་ངང་ཐོན་སྐྱེད་ཐུབ་ཡོད”ཅེས་མཚོ་སྔོན་ཞིང་ཆེན་འབྲོག་ལས་ཕྱུགས་རིགས་སྨན་པའི་ཚན་རིག་ཁང་གི་ཞིབ་འཇུག་པ་མཱ་ཡུས་ཧྲེའུ་ཡིས་བཤད།
             ཤེས་རྟོགས་བྱུང་བར་གཞིགས་ན། ལོ་གསུམ་རིང་མཚོ་སྔོན་མདོ་ལ་རིང་མོའི་ཁུལ་གྱི་བྱེ་འགྱུར་ས་ནག་ཐང་སླར་གསོའི་གཞི་ཁྱོན་མུའུ་35000ཟིན་པ་དང་། ཉམས་ཞན་དུ་གྱུར་བའི་རྩྭ་ཐང་སླར་གསོའི་དཔེ་སྟོན་ཁུལ་དུ་སྔོ་ལྗང་ཁེབས་ཚད་82%ནས་89%བར་ཟིན་པ། ལོ་མང་རིང་སྐྱེ་འཚར་བྱུང་བ་དང་ལོ་གཅིག་རིང་སྐྱེ་འཚར་བྱུང་བའི་མི་བཟོས་རྩྭ་ཐང་གི་མུའུ་རེའི་རྩྭ་སྐྱེ་ཚད་སྤྱི་རྒྱ་850དང་1800སོ་སོར་ཟིན་གྱི་ཡོད། འབྲེལ་ཡོད་གྲུབ་འབྲས་དེ་དག་རྒྱ་ཁྱབ་ངང་སྤྱད་དེ་མཐོ་གྲང་འབྲོག་ཁུལ་གྱི་རྩྭ་ཐང་བཅོས་སྐྱོང་ཐད་ཕན་འབྲས་དངོས་ཐོན་པའི་ཕུགས་ཀྱི་ཐབས་ལམ་ཞིག་བཏོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།