འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་ཁྱེར་ཆེན་པོའི་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་ནང་གི་ཀྲུང་གོའི་ཉམས་འགྱུར།

    ཀྲང་གཡོད་ཀྱིས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་30ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། 1870ལོའི་ཟླ་4ཚེས་13ཉིན་གྲོང་ཁྱེར་ཆེན་པོའི་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་དངོས་སུ་བཙུགས་པ་དང་སྦྲགས་གསར་དར་གྱི་རྟེན་རྫས་བཤམས་མཛོད་ཁང་གོང་འཕེལ་གཏོང་བའི་ལམ་བུ་བཏོད་ཡོད། བརྒྱུད་རིམ་དེའི་ནང་ཀྲུང་གོ་དང་ལས་འབྲེལ་མང་པོ་བྱུང་ཡོད།
              ད་ཆ་འཛམ་གླིང་གི་རྟེན་རྫས་བཤམས་མཛོད་ཁང་ཆེ་གྲས་ལྔའི་གྲས་ཤིག་ཡིན་པའི་གྲོང་ཁྱེར་ཆེན་པོའི་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་དུ་དངོས་རྫས་བསྡོམས་འབོར་ཁྲི་300ཡན་ཟིན་པ་དག་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གི་རིག་གནས་སྒྱུ་རྩལ་སྤྱིར་ན་ཡོད་ཚད་སྡུད་ཡོད་ལ། “རིག་གནས་དང་དུས་སྐབས་ཡོངས་རྫོགས་བརྒལ་ནས་མིའི་རིགས་ཀྱི་རླབས་ཆེ་ཤོས་ཀྱི་སྒྱུ་རྩལ་གྲུབ་འབྲས་ཉར་ཚགས་བྱེད་པ་དང་མགྲོན་པོས་སྐོར་ཐེངས་གཅིག་ལ་འཛམ་གླིང་ཡོངས་སྐོར་བའི་མྱོང་ཚོར་དངོས་སྦྱིན་ཐུབ་པའི”བཤམས་མཛོད་ཁང་ཐོག་མར་འཛུགས་པའི་འགན་འཁྲི་གང་ལེགས་མཚོན་ཡོད། བཤམས་མཛོད་ཁང་གི་རིག་དངོས་མང་པོའི་ཁྲོད་དུས་རབས་དཀྱིལ་མའི་རིག་དངོས་དང་ཨེ་ཤེ་ཡའི་རིག་དངོས་མང་ཤོས་རེད། འོན་ཀྱང་དེའི་ཁྲོད་ནས་ཀྲུང་ཧྭའི་རིག་དངོས་ནི་ངོ་མཚར་ཆེ་ཤོས་རེད། གྲངས་འབོར་ཁྲི་གཉིས་ཙམ་ཟིན་པའི་ཉར་ཚགས་དངོས་རྫས་ལས་རྟེན་རྫས་བཤམས་མཛོད་ཁང་དེ་ཕྱི་རྒྱལ་དུ་ཀྲུང་ཧྭའི་རིག་དངོས་ཉར་ཚགས་མང་ཤོས་བྱས་པའི་རྟེན་རྫས་བཤམས་མཛོད་ཁང་གྲས་སུ་གྱུར་ཡོད།
           ལོ་རྒྱུས་ཐོག་ཀྲུང་ཧྭའི་རིག་དངོས་ཚུད་པའི་ཨེ་ཤེ་ཡའི་རིག་དངོས་ཉར་ཚགས་བྱེད་པ་ནི་དུས་ཡུན་རིང་པོའི་ནང་གི་གྲོང་ཁྱེར་ཆེན་པོའི་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་གི་དཀོན་ཆ་ཞིག་རེད། འོན་ཀྱང་གྲོང་ཁྱེར་ཆེན་པོའི་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་གིས་ཀྲུང་ཧྭའི་རིག་དངོས་འཚོལ་བསྡུ་དང་ཉར་ཚགས་བྱས་པ་དང་བསྟུན་ནས་ཀྲུང་ཧྭའི་རིག་དངོས་ལ་དགའ་ཞེན་བྱེད་མཁན་དང་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ལ་དབྱིངས་ཞུགས་པའི་ཨ་རི་བ་མང་པོས་བྱ་སྤྱོད་དངོས་ལ་བརྟེན་པའམ་ཡང་ན་ཞལ་འདེབས་རྒྱག་པ་དང་རོགས་དངུལ་སྤྲོད་པ་སོགས་བྱས་ནས་འཛམ་གླིང་རང་བཞིན་གྱི་རྟེན་རྫས་བཤམས་མཛོད་ཁང་ཡིན་པའི་གྲོང་ཁྱེར་ཆེན་པོའི་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་ལ་བརྟེན་ནས་འཛམ་གླིང་གི་ས་ཕྱོགས་ཁག་ནས་སླེབས་པའི་སྐུ་མགྲོན་ལ་ཀྲུང་གོའི་རིག་གནས་དྲིལ་བསྒྲགས་བྱེད་ཀྱི་ཡོད། “མཚོན་བྱེད་རྣམ་པའི”ཀྲུང་གོའི་རིག་གནས་དང་ལག་ཤེས་སྒྱུ་རྩལ་ཐོན་རྫས་དག་གིས་ཀྲུང་གོའི་ལོ་རྒྱུས་དང་། རིག་གནས། སྒྱུ་རྩལ་བཅས་ཀྱི་གཏམ་རྒྱུད་བརྗོད་བཞིན་མཆིས།
           ཡུད་ཙམ་ཞིག་ལ་གྲོང་ཁྱེར་ཆེན་པོའི་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་དེ་བཙུགས་ནས་བགྲང་བྱ་150ཙམ་སོང་ཡོད། ད་ཆ་ཀྲུང་གོའི་རིག་དངོས་དང་སྒྱུ་རྩལ་གྱི་འགྲེམས་སྟོན་འཛམ་གླིང་རང་བཞིན་གྱི་རྟེན་རྫས་བཤམས་མཛོད་ཁང་དེར་ཡང་ཡང་སྤེལ་གྱི་ཡོད། གྲོང་ཁྱེར་ཆེན་པོའི་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་གིས་ཉར་ཚགས་བྱས་པའི་ཀྲུང་གོའི་རིག་དངོས་སམ་ཡང་ན་ཀྲུང་གོས་རང་འགུལ་ངང་ཕྱིར་སྐྱོད་པའི་འགྲེམས་སྟོན་སྣ་ཚོགས་སོགས་གང་ཡིན་རུང་། ཚང་མ་ནི་འཛམ་གླིང་མི་དམངས་ཀྱིས་ཀྲུང་ཧྭའི་རིག་དངོས་ཤེས་རྟོགས་གཏིང་ཟབ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། ཀྲུང་ཧྭའི་རིག་དངོས་དང་འགྲེམས་སྟོན་ནང་གི་ཀྲུང་གོའི་གཏམ་རྒྱུད་ད་དུང་མུ་མཐུད་སྐྱེ་བོ་ཀུན་ལ་བརྗོད་རྒྱུ་རེད།
     
      

    ཕྱོགས་བསྡུས་གསར་འགྱུར།