འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་ཨ་ཧྥེ་རི་ཁའི་དམངས་ཚོགས་ཀྱིས་འབོ་གསེར་རྒྱལ་ཁབ་ཀྱི་གཡོད་ཧན་ནེ་སེ་པའོ་ཞལ་
    འཛོམས་ལས་རྒྱལ་ཁབ་འཕེལ་རྒྱས་ལ་རམ་འདེགས་ཐུབ་རྒྱུའི་རེ་སྒུག་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་26ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་རིང་། གཡོད་ཧན་ནེ་སེ་པའོ་རུ་བདལ་གཏོང་རླངས་འཁོར་གཏོང་བཞིན་པའི་ཨེན་ཁེ་ཤིས་ཉིན་ལྟར་གནམ་ཐང་དུ“ཚོང”འཚོལ་བར་ཐེངས་མང་འགྲོ་ཡི་ཡོད། གནམ་ཐང་གི་ཚོམས་ཆེན་དུ་འབྱོར་རྗེས་ཨེན་ཁེ་ཤིས་རྡོག་ཁྲེས་མང་པོ་འཁྱེར་བའི་འགྲུལ་པར་ལྟ་ཞོར་གསར་འགོད་པར་ད་རེས་ཀྱི་ཞལ་འཛོམས་དེས་ཚོང་གི་གོ་སྐབས་གསར་པ་སྦྱིན་པས། ཚོགས་ཞུགས་མི་སྣས་བདལ་གཏོང་རླངས་འཁོར་ལ་བསྡད་ནས་གྲོང་ཁྱེར་དུ་སྐོར་བ་མང་ཙམ་རྒྱག་རྒྱུའི་རེ་བ་ཡོད་ཅེས་བཤད་བྱུང་།
         ཟླ་7པ་ནི་ལྷོ་ཨ་ཧྥེ་རི་ཁའི་དགུན་དུས་དང་ཏག་ཏག་འཁེལ་བས་ལྗོན་ཤིང་ཐོག་སྔོ་ལྗང་ལོ་འདབ་རྒྱས་པ་མཐོང་ལམ་དུ་མ་མཆིས་པ་དང་། མཛེས་ལྗོངས་ཁུལ་ཁག་ཏུའང་ཡུལ་སྐོར་བ་དེ་ཙམ་མང་པོ་མེད། གསར་འགོད་པ་གསོལ་མགྲོན་ཁང་གི་ཚོམས་ཆེན་དུ་སླེབས་སྐབས་ཡུལ་སྐོར་སྣེ་ཤན་པ་མང་པོ་ཞིག་གིས་ཚོགས་ཞུགས་མི་སྣ་མཐོང་འཕྲལ་ཡུལ་སྐོར་ཐོན་རྫས་འཚོང་ཐབས་བྱེད་ཀྱི་ཡོད་པ་མཐོང་བྱུང་།
        བསྡོམས་རྩིས་གྲངས་གཞི་ལས་མངོན་པ་ལྟར་ན། ལྷོ་ཨ་ཧྥེ་རི་ཁའི་2017ལོའི་དུས་ཚིགས་བཞི་པའི་དཔལ་འབྱོར་འཕར་ཚད་3.1%ཟིན་པ་དང་ན་ནིང་ལོ་ཧྲིལ་པོར་1.3%འཕར་ཡོད། འདི་ལོའི་ཟླ་3པར་རྒྱལ་སྤྱིའི་ཡིད་རྟོན་རིམ་དཔྱད་སྒྲིག་གཞི་ཚད་ལྡན་ཕུའར་གྱིས་ལྷོ་ཨ་ཧྥེ་རི་ཁའི་2018ལོའི་དཔལ་འབྱོར་འཕར་བའི་སྔོན་དཔག་དེ་1%ནས་2%ལ་སྤར་ཡོད།
          པིའོ་པུའུ་ཡིས་དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་སྤར་བ་ནི་ཙུང་ཐུང་གསར་པ་ཤིས་ལིར·ལ་མཱ་ཧྥུའུ་ས་ཡིས་ལས་འགན་འཁུར་རྗེས་སྲིད་ཇུས་གསར་པ་རབ་དང་རིམ་པ་ཡོངས་བསྒྲགས་བྱས་པ་དང་། རུལ་སུངས་ལ་རྡུང་རྡེག་གཏོང་ཐབས་བྱས་པ། གཞུང་ཁོངས་ཁེ་ལས་ཀྱི་གཉེར་སྐྱོང་གནས་ཚུལ་ལེགས་སུ་བཏང་བ་བཅས་ཀྱི་རྐྱེན་པས་རེད། གཞན་ཡང་གོ་ལ་ཧྲིལ་པོའི་ཁྲོམ་རར་སླར་ཡང་སྐྱེ་སྟོབས་རྒྱས་པ་དེས་ཀྱང་ལྷོ་ཨ་ཧྥེ་རི་ཁའི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ཡོད་ཅེས་བཤད།
         འོན་ཀྱང་དཔལ་འབྱོར་ལྟ་ཞིབ་པ་ཁག་གཅིག་གིས་ལྷོ་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཉེ་བའི་ལོ་ཤས་ནང་ལེགས་སྒྲིག་བྱེད་མྱོང་བ་དང་། དབུལ་ཕོངས་དང་འདྲ་མཉམ་མིན་པ་སོགས་ཀྱི་གནད་དོན་ནི་སྔར་བཞིན་འགྲན་སློང་ཞིག་རེད་ཅེས་ཤོད་ཀྱི་ཡོད། དབྱེ་ཞིབ་པ་འགའ་རེས་དངུལ་ལོར་སྲིད་ཇུས་གུ་ཡངས་བ་དང་ཚོང་ཟོག་གི་རིན་གོང་མཐོ་རུ་ཕྱིན་པའི་ཤུགས་རྐྱེན་ཐེབས་ནས་2018ལོར་ལྷོ་ཨ་ཧྥེ་རི་ཁའི་དཔལ་འབྱོར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་རྒྱུ་རེད། ཡིན་ནའང་དེ་ལས་ལྷག་པའི་འབད་བརྩོན་བྱས་ཏེ་འཕར་ཚད་སྔར་བས་མགྱོགས་སུ་གཏོང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
        ལྷོ་ཨ་ཧྥེ་རི་ཁའི་ཚད་ལྡན་དངུལ་ཁང་ཚོགས་པའི་དབུ་ཞུགས་ལག་བསྟར་དཔོན་ཤིས་མུའུ·ཁྲ་པ་ལཱ་ལཱ་ཡིས་གསར་འགོད་པར་ད་རེས་ཀྱི་ཞལ་འཛོམས་དེས་འབོ་གསེར་རྒྱལ་ཁབ་ཀྱིས་ནུས་པ་དེ་བས་མང་བ་འདོན་རྒྱུ་དང་ལྷོ་ཨ་ཧྥེ་རི་ཁའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་བཤད་བྱུང་། ཁོང་གིས་ཞལ་འཛོམས་དེས་ལྷོ་ཨ་ཧྥེ་རི་ཁ་དང་དེ་བཞིན་ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོ་ཡོངས་དང་ཀྲུང་གོའི་དབར་ཚོང་དོན་དང་མ་འཇོག་བྱ་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་ཐེབས་རྒྱུ་ཡིན་པའི་ཡིད་ཆེས་བྱེད་བཞིན་འདུག
         ཀྲུང་གོ་ལོ་9བསྟུད་མར་ལྷོ་ཨ་ཧྥེ་རི་ཁའི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཨང་དང་པོར་གྱུར་པ་དང་ལྷོ་ཨ་ཧྥེ་རི་ཁའང་ཨ་ཧྥེ་རི་ཁར་ཡོད་པའི་ཀྲུང་གོའི་ཚོང་དོན་རོགས་ཟླ་ཆེ་ཤོས་དེར་གྱུར་ཡོད། 2017ལོར་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་391.7ཟིན་པ་དང་དེ་ཕྱི་འབྲེལ་འབྲེལ་བ་བཙུགས་མ་ཐག་པའི་སྐབས་ལས་ལྡབ་20ལྷག་འཕར་ཡོད།
         བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ཀྲུང་གོ་ཕྱོགས་ཀྱིས་ལྷོ་ཨ་ཧྥེ་རི་ཁར་ཐད་ཀར་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་102ལྷག་ལས་བརྒལ་ནས་ལྡབ་80ལྷག་འཕར་བ་དང་། ས་གནས་དེར་ལས་གནས་ཁྲི་མང་པོ་གཏོད་དེ་ལྷོ་ཨ་ཧྥེ་རི་ཁའི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་རམ་བྱས་ཡོད། ཀྲུང་གོའི་ཁེ་ལས་མང་པོ་ཞིག་གིས་ལྷོ་ཨ་ཧྥེ་རི་ཁར་མ་འཇོག་ལས་གཏོད་བྱས་པ་ལམ་ལྷོངས་བྱུང་ནས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་དབར་གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ཀྱི་ངོ་མཚར་ཆེ་བའི་གཏམ་རྒྱུད་ཅིག་བརྩམས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།