འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་སྨན་རྫས་ལྟ་ཞིབ་ཅུས་ཀྱི་འགན་ཁུར་བས་ཁྲང་ཁྲུན་ཁྲང་ཧྲེང་ཁྱི་སྨྱོན་ནད་ཀྱི་རིམས་
    འགོག་སྨན་ཁབ་གྱོད་གཞིའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ།  

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་26ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་22ཉིན། རྒྱལ་ཁབ་སྨན་རྫས་ལྟ་ཞིབ་ཅུས་ཀྱི་འགན་འཁུར་བས་ཁྲང་ཁྲུན་ཁྲང་ཧྲེང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིས་སྒྲིག་འགལ་ཁྲིམས་འགལ་ངང་ཁྱི་སྨྱོན་ནད་ཀྱི་རིམས་འགོག་སྨན་ཁབ་ཐོན་སྐྱེད་བྱས་པའི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། 
         ཐེར་འདོན་གོང་ཞུ་བྱས་པའི་ཁུངས་སྣེར་གཞིགས་ཏེ། ཟླ་7ཚེས་5ཉིན་རྒྱལ་ཁབ་སྨན་རྫས་ལྟ་ཞིབ་ཅུས་ཀྱིས་ཅི་ལིན་ཞིང་ཆེན་ཅུས་དང་མཉམ་དུ་ཁྲང་ཁྲུན་ཁྲང་ཧྲེང་ཀུང་སིར་ཞིབ་བཤེར་བྱས་པ་དང་། ཟླ་7ཚེས་15ཉིན་རྒྱལ་ཁབ་སྨན་རྫས་ལྟ་ཞིབ་ཅུས་ཀྱིས་ཅི་ལིན་ཞིང་ཆེན་ལྟ་ཞིབ་ཅུས་དང་མཉམ་དུ་ཞིབ་བཤེར་ཚོགས་ཆུང་བཙུགས་ནས་ཁེ་ལས་སུ་བཅའ་སྡོད་བྱས་ཏེ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཡོད། ཟླ་7ཚེས་15ཉིན་རྒྱལ་ཁབ་སྨན་རྫས་ལྟ་ཞིབ་ཅུས་ཀྱིས《ཁྲང་ཁྲུན་ཁྲང་ཧྲེང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིས་སྒྲིག་འགལ་ཁྲིམས་འགལ་ངང་ཁྱི་སྨྱོན་ནད་ཀྱི་རིམས་འགོག་སྨན་ཁབ་ཐོན་སྐྱེད་བྱས་པའི་སྐོར་གྱི་བརྡ་ཁྱབ》ཡོངས་བསྒྲགས་བྱས་པ་རེད། 
         ད་ལྟ་རྩད་གཅོད་ཐུབ་གསལ། ཁེ་ལས་ཀྱིས་ཐོན་སྐྱེད་ཟིན་ཐོ་དང་ཐོན་རྫས་ཞིབ་བཤེར་ཟིན་ཐོ་རྫུན་བཟོ་བྱས་པ་དང་རང་དགར་བཟོ་རྩལ་དཔྱད་གྲངས་དང་སྒྲིག་ཆས་ལ་འགྱུར་ལྡོག་བཏང་ཡོད། གོང་གསལ་གྱི་བྱེད་སྤྱོད་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་རྫས་དོ་དམ་བཅའ་ཁྲིམས་》དང་《སྨན་རྫས་ཐོན་སྐྱེད་སྤུས་ཚད་དོ་དམ་ཚད་གཞི་》ཡི་འབྲེལ་ཡོད་གཏན་འབེབས་ལས་ཚབས་ཆེན་འགལ་ནས་རྒྱལ་ཁབ་སྨན་རྫས་ལྟ་ཞིབ་ཅུས་ཀྱིས་ཁེ་ལས་ལ་ཐོན་སྐྱེད་བྱེད་མཚམས་འཇོག་དགོས་པའི་བཀའ་བཏང་བ་དང་། སྨན་རྫས་ཀྱི་GMPལག་ཁྱེར་བསྡུས་པ། བེད་སྤྱོད་བྱས་མེད་པའི་ཁྱི་སྨྱོན་ནད་ཀྱི་རིམས་འགོག་སྨན་ཁབ་བསྡུས་ཡོད། རྒྱལ་ཁབ་སྨན་རྫས་ལྟ་ཞིབ་ཅུས་ཀྱིས་ཅི་ལིན་ཞིང་ཆེན་ལྟ་ཞིབ་ཅུས་དང་མཉམ་དུ་ཁེ་ལས་ལ་གྱོད་གཞི་ཐོ་འགོད་ཀྱིས་ཞིབ་བཤེར་བྱས་པ་དང་ཉེས་གསོག་དོགས་ཡོད་མི་སྣ་སྤྱི་བདེ་ལས་ཁུངས་ལ་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུར་རྩིས་སྤྲད་པ་རེད། 
         རིམས་འགོག་སྨན་ཁབ་དོ་དམ་གྱི་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཁེ་ལས་ཡོངས་ཀྱིས་ཁྲོམ་རའི་ཐོག་རིམས་འགོག་སྨན་ཁབ་ཕྱིར་ཚོང་བྱེད་སྐབས་ཀྲུང་གོའི་བཟའ་བཅའ་དང་སྨན་རྫས་ཞིབ་བཤེར་ཞིབ་འཇུག་ཁང་ནས་མཆན་འགོད་རེ་ཞུ་བྱེད་དགོས་པ་དང་མཆན་འགོད་ཀྱི་བརྒྱུད་རིམ་ཁྲོད་ཁག་ཐེངས་ཚང་མའི་རིགས་འགོག་སྨན་ཁབ་ཀྱི་བདེ་འཇགས་རང་བཞིན་ལ་ཞིབ་བཤེར་བྱས་ནས་བསྡུར་ཚད་ངེས་ཅན་གྱི་རིགས་འགོག་སྨན་ཁབ་ཀྱི་ནུས་ལྡན་རང་བཞིན་ལ་ཞིབ་བཤེར་བྱེད་དགོས། ཁེ་ལས་དེས་ཁྲོམ་རར་བཙོངས་པ་དང་སྤྱད་པའི་རིམས་འགོག་སྨན་ཁབ་ལ་ཁྲིམས་གཏན་འཁེལ་བའི་ཞིབ་བཤེར་བྱས་པ་བརྒྱུད་སྤུས་ཚད་ཀྱི་གནད་དོན་ཐོན་མེད། ཁྲོམ་རར་བཏོན་པའི་རིམས་འགོག་སྨན་ཁབ་ཀྱི་ནུས་ལྡན་རང་བཞིན་སྔར་བས་གཏན་འཁེལ་བྱ་ཆེད་ཁེ་ལས་ཀྱི་མ་དཔེའི་ཐོན་རྫས་བདམས་ཏེ་ཚོད་ལྟ་ཁང་གི་དཔྱད་དཔོག་བྱེད་འགོ་ཚུགས་ཡོད་པ་རེད། 
         གཞན་ཡང་ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ལྟ་ཞིབ་ཚད་ལེན་བྱས་པར་གཞིགས་ན། རང་རྒྱལ་གྱི་ཁྱི་སྨྱོན་ནད་ཐོན་ཚད་ཉེ་བའི་ལོ་ཤས་རིང་རིམ་བཞིན་ཆག་ཡོད་པ་རེད། 
         སྨན་རྫས་ལྟ་ཞིབ་ཅུས་ཀྱིས་རྒྱལ་ཡོངས་ཀྱི་རིམས་འགོག་སྨན་ཁབ་ཐོན་སྐྱེད་ཁེ་ལས་ལ་རང་བཤེར་བྱེད་དགོས་པའི་བཀོད་སྒྲིག་བྱས་ཏེ་ཁེ་ལས་ཀྱིས་ཆོག་མཆན་བཞིན་བཟོ་རྩལ་སྒྲིག་འཛུགས་ཐོན་སྐྱེད་བྱེད་པ་དང་། GMPཐོན་སྐྱེད་ཚད་གཞིར་ནན་པོ་གཞིགས་པ། ཐོན་སྐྱེད་དང་ཞིབ་བཤེར་བརྒྱུད་རིམ་ཁྲོད་ཀྱི་གྲངས་གཞི་དངོས་ཡོད་དང་། ཆ་ཚང་བ། བློས་འགེལ་ཆོག་པ། ཁུངས་འདེད་ཐུབ་པ་བཅས་ཡོང་བའི་འགན་ལེན་བྱ་རྒྱུ་རེད། རྒྱལ་ཁབ་སྨན་རྫས་ལྟ་ཞིབ་ཅུས་ཀྱིས་རིམས་འགོག་སྨན་ཁབ་ཐོན་སྐྱེད་ཁེ་ལས་ཡོངས་ལ་ཞིབ་བཤེར་བྱས་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་པ་རེད། 
         འགན་འཁུར་བས་ཁེ་ལས་དེར་ལོ་གཅིག་ནང་ཐོན་རྫས་ཐོན་སྐྱེད་ཀྱི་སྤུས་ཚད་གནད་དོན་ཐོན་ཐེངས་གཉིས་པ་རེད། ན་ནིང་གི་ཟླ་10པར་དེ་སྔའི་བཟའ་བཅའ་དང་སྨན་རྫས་ལྟ་ཞིབ་སྤྱི་ཁྱབ་ཅུས་ཀྱིས་མ་དཔེ་བདམས་ནས་ཞིབ་བཤེར་བྱེད་སྐབས་ཁེ་ལས་དེས་ཐོན་སྐྱེད་བྱས་པའི་ཁག་ཐེངས་1གི་བརྒྱ་གློའི་རིམས་འགོག་སྨན་ཁབ་ཀྱི་སྨན་ནུས་དང་རིན་གོང་ཚད་དང་མི་མཐུན་པ་ཤེས་རྟོགས་ཐུབ་པ་དང་ཐོན་རྫས་དེ་མིག་སྔར་ཐོན་སྐྱེད་བྱེད་མཚམས་བཞག་ཡོད། དེ་སྔའི་རྒྱལ་ཁབ་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་གྱིས་སྨན་རྫས་ལྟ་ཞིབ་སྤྱི་ཁྱབ་ཅུས་དང་མཉམ་དུ་འདི་ལོའི་ཟླ་2པར་འབྲེལ་ཡོད་སྨན་ཁབ་གསབ་པའི་ལས་དོན་བཀོད་སྒྲིག་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།