འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་རུ་ཝང་ཏའི་ཞིང་ལས་ཆུ་བེད་འཛུགས་སྐྲུན་ལ་རམ་འདེགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་25ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རུ་ཝང་ཏའི་ཤར་ཕྱོགས་ཞིང་ཆེན་རུ་ཝང་ཅིན་ཀེ—ཁ་ལང་ཀར་ཚེ་ས་ཞིང་གསར་སྤེལ་རྣམ་གྲངས་གནས་ཡུལ་དུ་རུ་ཝང་ཏའི་ཞིང་ལས་དང་སྲོག་ཆགས་ཐོན་ཁུངས་པུའུ་ཡི་གྲོང་གསེབ་རྒྱབ་སྐྱོར་རྣམ་གྲངས་ཀྱི་བཟོ་བཀོད་ཆེ་མོ་བ་རང·ཏེ་ཏི་ཨེ·མུའུ་ཅི་ལ་ནེ་ཀྲ་ཡིས་ཆུ་རགས་ཀྱི་གཅུས་སྒོ་སྤྱོད་སྟངས་སློབ་བཞིན་པ།
         མུ་མཐའ་མེད་པའི་འབྲས་ཞིང་དེ་ནི་ཀྲུང་གོ་ས་གཤིས་ལས་གྲྭ་ཚོགས་པ་ཀུང་སིས་སྐྲུན་འགན་འཁུར་བའི་ཤར་ཕྱོགས་ཞིང་ཆེན་རུ་ཝང་ཅིན་ཀེ—ཁ་ལང་ཀར་ཚེའི་ས་ཞིང་གསར་སྤེལ་རྣམ་གྲངས་ལས་བྱུང་བ་ཞིག་རེད། རྣམ་གྲངས་དེ་ནི་འཛམ་གླིང་དངུལ་ཁང་གིས་མ་རྩ་བཏང་བ་དང་རུ་ཝང་ཏ་ཞིང་ལས་དང་སྲོག་ཆགས་ཐོན་ཁུངས་པུས་གྲོང་གསེབ་ལ་རོགས་སྐྱོར་བྱེད་པའི་རྣམ་གྲངས་ཤིག་རེད།
         རྣམ་གྲངས་དེའི་ནང་དོན་གྱི་གྲས་སུ་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་375ཟིན་པའི་ཆུ་མཛོད་དང་། སྤྱི་ལེ་30ཟིན་པའི་ཆུ་ཡུར་དང་དེ་བཞིན་དེ་མཚུངས་ཀྱི་འགྲོ་ལམ་སོགས་ཚུད་ཡོད་པས། སྤྱི་ཆིང་925ཟིན་པའི་ན་འདམ་ལ་ཆུ་འདྲེན་ཆུ་ཁུངས་མཁོ་འདོན་བྱེད་ཀྱི་ཡོད་པ་རེད།
        རུ་ཝང་ཏའི་ཞིང་ལས་དང་སྲོག་ཆགས་ཐོན་ཁུངས་པུའི་གྲོང་གསེབ་རོགས་སྐྱོར་རྣམ་གྲངས་ཀྱི་བཟོ་བཀོད་ཆེ་མོ་བ་རང·ཏེ་ཏི་ཨེ·མུའུ་ཅི་ལ་ནེ་ཀྲ་ཡིས། ས་ཞིང་གསར་སྤེལ་རྣམ་གྲངས་ཀྱི་དམིགས་ཡུལ་ནི་ས་གནས་དེ་གའི་ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་ལེགས་སུ་བཏང་ནས་ཞིང་པའི་ཡོང་འབབ་མང་དུ་གཏོང་རྒྱུ་དེ་རེད། རྣམ་གྲངས་དེ་འཛུགས་སྐྲུན་མ་བྱས་གོང་ཆུ་དཀོན་པའི་དབང་གིས་ཞིང་ཆུ་འདྲེན་པའི་མ་ལག་མེད་སྟབས། ས་གནས་དེ་གར་ཆུ་འབྲས་འདེབས་ཐབས་བྲལ་ནས་ཞིང་པ་ཚོས་གཙང་པོ་དང་ཐག་ཉེ་སར་ཞོག་ཁོག་དང་། ངང་ལག མ་རྨོས་ལོ་ཏོག་སོགས་སྐམ་ཞིང་ལོ་ཏོག་བཏབ་པ་མ་ཟད། ཆུ་ལམ་དེ་ཐན་དུས་སུ་ཧ་ལམ་སྐམ་ནས་ཞིང་ལས་སྐྱེ་དངོས་ཐོན་ཚད་ཀྱིས་ཞིང་པ་སོ་སོའི་དགོས་མཁོ་སྐོང་ཐུབ་ཙམ་ལས་མེད་ཅེས་བཤད།
         མུའུ་ཅི་ལ་ནེ་ཀྲ་ཡིས་2016ལོར་རྣམ་གྲངས་འཛུགས་སྐྲུན་བྱས་རྗེས་ཆུ་མཛོད་དང་ཆུ་ཡུར་གྱིས་ཞིང་ནང་དུ་ཐན་དུས་སུ་ཞིང་ཆུ་འདྲེན་པའི་ཆུ་ཁུངས་དང་སྟབས་བདེའི་ཆུ་འདྲེན་ཆ་རྐྱེན་འདང་ངེས་མཁོ་འདོན་བྱས་ཏེ་རྨོ་འདེབས་ཆོག་པའི་རྒྱ་ཁྱོན་ཆེ་རུ་བཏང་བ་དང་ཆར་དུས་སྐབས་ཆུ་ལོག་སྔོན་འགོག་གི་ནུས་པ་ཐོན་པ་བྱ་ཆེད་རེད། ད་ཆ་གསར་སྤེལ་བྱས་པའི་ཞིང་ནང་དུ་ལོ་ལྟར་དུས་ཚིགས་གཉིས་སུ་ཆུ་འབྲས་འདེབས་འཛུགས་བྱེད་ཆོག་པས་ཞིང་པ་1500ལྷག་ཙམ་ལ་ཕན་པ་ཐོབ་ཡོད་ཅེས་བཤད།
         མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། ཞིང་ལས་ནི་རུ་ཝང་ཏའི་དཔལ་འབྱོར་བྱ་སྤྱོད་གལ་ཆེན་ཞིག་ཡིན་པ་དེས་ཧ་ལམ་རུ་ཝང་ཏའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་གསུམ་ཆ་གཅིག་ཙམ་ཟིན་པ་དང་། རུ་ཝང་ཏའི་རྒྱལ་ཡོངས་ཀྱི་མི་འབོར་70%ཡིས་ཞིང་ལས་བྱེད་ཀྱི་ཡོད་པ་རེད། ཀྲུང་གོ་ས་གཤིས་ལས་གྲྭ་ཚོགས་པ་ཀུང་སི་1999ལོར་རུ་ཝང་ཏའི་ཁྲོམ་རར་གཞིས་ཆགས་ཚུན། ཞིང་ནང་ཆུ་བེད་རྣམ་གྲངས་13སྔ་རྗེས་སུ་ལག་བསྟར་བྱས་པ་དང་། གཙོ་བོ་ནི་རི་ཞིང་དང་ན་འདམ་ལ་ཆུ་འདྲེན་རྒྱུ་དང་དེ་བཞིན་ས་ཆུ་ཤོར་བ་བཅོས་སྐྱོང་སོགས་ཀྱི་རྣམ་གྲངས་ཡིན་པ་དེས་སྤྱི་ཆིང་ཁྲི་1ཙམ་གྱིས་ཞིང་ལ་ཞིང་ཆུ་འདྲེན་གྱི་ཡོད་པ་རེད།
         རུ་ཝང་ཏའི་ཆབ་སྲིད་དབྱེ་ཞིབ་མི་སྣ་ལ་ཏི་སི་ལ་སི་·ཨེན་ཀེན་ཏ་ཤིས་མ་ནས། ཞིང་ནང་ཆུ་བེད་འཛུགས་སྐྲུན་བྱས་པ་དེས་རྒྱལ་ཁབ་གཅིག་གི་ཞིང་ལས་རིམ་སྤོར་དང་འབྲུ་རིགས་བདེ་འཇགས་ལ་དོན་སྙིང་གལ་ཆེན་ལྡན་པ་དང་། རུ་ཝང་ཏའི་ཞིང་ལས་ཐོན་སྐྱེད་ནུས་པ་དང་ཞིང་པའི་ཁྱིམ་ཚང་གི་ཡོང་འབབ་མཐོ་རུ་གཏོང་རྒྱུའི་ཐད་ཀྲུང་གོའི་ཁེ་ལས་ཀྱིས་ནུས་པ་གལ་ཆེན་བཏོན་ཡོད་ཅེས་བཤད།
         ཀྲུང་གོའི་ས་གཤིས་ལས་གྲྭ་ཚོགས་པ་ཀུང་སིའི་ཨ་ཧྥེ་རི་ཁ་དབུས་ཤར་རྒྱུད་ཀྱི་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲུའུ་ཤིང་ཧུའེ་ཡིས། ཀྲུང་གོའི་ས་གཤིས་ལས་གྲྭ་ཚོགས་པ་ཀུང་སིས་རྒྱལ་ནང་ནས་ཉམས་མྱོང་ཕུན་སུམ་ཚོགས་པའི་བཟོ་བཀོད་ཆེ་མོ་བ་གདན་དྲངས་ནས་རུ་ཝང་ཏའི་ཞིང་ནང་ཆུ་བེད་རྣམ་གྲངས་འཆར་འགོད་ལག་བསྟར་བྱ་ཆེད་ཀྲུང་གོའི་ཚད་གཞི་དང་ཀྲུང་གོའི་ལག་རྩལ་རུ་ཝང་ཏར་ཁྱེར་ཡོད། རྣམ་གྲངས་ལག་བསྟར་བྱེད་རིང་ཀྲུང་གོའི་ས་གཤིས་ལས་གྲྭ་ཚོགས་པ་ཀུང་སིས་ད་དུང་ཀྲུང་གོ་ཕྱོགས་ཀྱིས་ཞིང་ནང་ཆུ་བེད་ཐད་ཀྱི་དོ་དམ་ཉམས་མྱོང་རུ་ཝང་ཏར་སློབ་ཁྲིད་བྱས་ཏེ་ས་གནས་དེ་གའི་དོ་དམ་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།