འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་ཞིང་པའི་ལག་ཐོགས་ཁ་པར་གྱི་རྩལ་ནུས་གསོ་སྦྱོང་གཟའ་འཁོར་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་25ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་23ཉིན། ཞིང་ལས་གྲོང་གསེབ་པུས་པེ་ཅིང་དུ་2018ལོའི་རྒྱལ་ཡོངས་ཀྱི་ཞིང་པས་ལག་ཐོགས་ཁ་པར་སྤྱོད་པའི་རྩལ་ནུས་གསོ་སྦྱོང་གཟའ་འཁོར་གྱི་རིམ་སྤེལ་བྱེད་སྒོ་སྤེལ་ཞིང་། ད་ཐེངས་ཀྱི་གསོ་སྦྱོང་གཟའ་འཁོར་ཟླ་7ཚེས་23ཉིན་འགོ་བཙུགས་ཏེ་ཟླ་7ཚེས་29ཉིན་བར་སྤེལ་རྒྱུ་དང་། དེའི་རིང་ས་གནས་ཁག་གིས་བྱེད་སྒོའི་བརྗོད་དོན་གཙོ་བོར་དམིགས་ཏེ་འབྲེལ་ཡོད་ཁེ་ལས་དང་གསོ་སྦྱོང་སྒྲིག་གཞི་སོགས་དང་མཉམ་དུ་དྲ་ཐོག་དྲ་ཕྱི་ཟུང་འབྲེལ་གྱི་རྣམ་པ་སྤྱད་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཆེད་དོན་བྱེད་སྒོ་11སྤེལ་རྒྱུ་ཡིན་པ་རེད།
         ཞིང་ལས་གྲོང་གསེབ་པུའི་པུའུ་ཀྲང་གཞོན་པ་ཆུས་ཏུང་ཡུས་ཀྱིས་འགོ་འཛུགས་མཛད་སྒོར་ཞིང་པས་ལག་ཐོགས་ཁ་པར་སྤྱོད་པའི་རྩལ་ནུས་གསོ་སྦྱོང་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་ལག་ཐོགས་ཁ་པར་སྤྱད་ནས་ཐོན་སྐྱེད་འཕེལ་རྒྱས་གཏོང་བ་དང་། འཚོ་བ་ལེགས་སུ་གཏོང་བ། འབབ་འཕར་ཕྱུག་འགྱུར་བཅས་ཐད་ཀྱི་ཞིང་པ་མང་ཚོགས་ཚོའི་རེ་སྒུག་དང་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས་ཞེས་བཤད། བྱེད་སྒོར་ཞིང་པའི་ལག་ཐོགས་ཁ་པར་གྱི་རྩལ་ནུས་གསོ་སྦྱོང་ཞིང་ལས་གྲོང་གསེབ་ཆ་འཕྲིན་ཅན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ལ་ཁྱབ་པར་བྱེད་པ་དང་། “དྲ་སྦྲེལ་+”ཀྱི་ཞིང་ལས་ཐོན་རྫས་གྲོང་ཚོ་ནས་ཕྱིར་གཏོང་བྱེད་པའི་འདུ་འགོད་ལ་སྐུལ་འདེད་གཏོང་བ། ཆ་འཕྲིན་དུད་ཚང་དུ་ཤར་གཏོང་ཐུབ་པའི་འདུ་འགོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། རྒྱ་ཆེའི་ཞིང་པ་དང་ལྷག་པར་དུ་ས་ཁུལ་དབུལ་པོའི་ཞིང་པར་རོགས་རམ་བྱས་ཏེ་ཁྱད་ལྡན་གྱི་ཞིང་ལས་ཐོན་རྫས་སྤུས་ལེགས“འཚོང་ཐུབ་པ་དང་། ཡག་པོ་འཚོང་ཐུབ་པ། གོང་ཡག་པོ་རག་པ”བཅས་བྱེད་དགོས། “ཞིང་པའི་དགའ་བསུ་མང་ཤོས་ཐོབ་པའི་APPདཔྱད་འདེམས”བྱེད་སྒོ་སྤེལ་ཏེ་ཞིང་པས་སྤྱོད་ཤེས་པ་དང་སྤྱོད་གོ་ཆོད་པ། སྤྱོད་རྒྱུར་དགའ་པོ་བྱེད་པའི་བཀོལ་སྤྱོད་མཉེན་ཆས་གསར་སྤེལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         བྱེད་སྒོར་རིམ་ཁག་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་གསོ་སྦྱོང་ལས་དོན་སྒྲིག་འཛུགས་མཐུན་སྦྱོར་དང་མཛུབ་ཁྲིད་ཞབས་འདེགས་ལ་ཤུགས་སྣོན་དང་། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན། གསོ་སྦྱོང་ཇུས་གཞི་ཞིབ་ཚགས་སུ་གཏོང་བ། ཞིང་པར་ཕན་པའི་ཆ་འཕྲིན་ཁང་སོགས་ཀྱི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། སྲིད་གཞུང་དང་ཁེ་ལས་མཉམ་ལས་དང་མཐུན་སྦྱོར་སྐུལ་འདེད་ཀྱི་མཉམ་ཤུགས་ཆེན་པོ་ཞིག་མགྱོགས་མྱུར་ཆགས་པར་བྱེད་པ། གྲུབ་འབྲས་ཐོན་རྒྱུར་དམ་འཛིན་ནན་པོ་བཅས་བྱས་ནས་ལག་ཐོགས་ཁ་པར་གྱི་རྩལ་ནུས་གསོ་སྦྱོང་ལས་ཞིང་པ་ཚོར་སྟབས་བདེ་དང་ཕན་པ་དངོས་དེ་བས་མང་བ་ཡོང་བར་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།