འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།“རྒྱ་ཡིག་སྦྱངས་པས་ང་ཚོ་ཀྲུང་གོར་དགའ་ཞེན་ཆེ་རུ་སོང” 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་22ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཞོགས་པར་རུ་ཝང་ཏའི་རྒྱལ་ས་ཁི་ཀ་ལིའི་ཤར་རྒྱུད་ཀྱི་ཅི་སྨི་རོང་ཁོའུ་ཁྲོམ་རར་ལྗིད་ཐེག་རླངས་འཁོར་དང་། རྐང་འཁོར། དེ་བཞིན་ཞོགས་པའི་ཚོང་འདུས་སུ་སྐྱོད་པའི་འགྲུལ་པ་བཅས་ཀྱིས་ཧ་ཅང་འཁྲུག་ཆ་དོད་པོར་གྱུར།
        མདུན་ཕྱོགས་ནས་ཡོང་བའི་རུ་ཝང་ཏའི་ན་གཞོན་གྱིས་རྒྱ་སྐད་ཐོག་ནས“ཁྱེད་ཀྱིས་རྒྱ་ཡིག་ཁྲིད་སའི་སློབ་གྲྭ་འཚོལ་བཞིན་ཡོད་དམ། ཐད་ཀར་བསྐྱོད་རྗེས་གཡས་སུ་བསྐོར་ན་སླེབས་ཐུབ”ཅེས་བཤད་བྱུང་། གང་འཚམ་སོང་རྗེས་གསར་འགོད་པ་རུ་ཝང་ཏ་སློབ་ཆེན་དུ་གནས་པའི་ཁུང་ཙི་སློབ་གླིང་དུ་འབྱོར། སྤྱིར་ན་ད་ཆ་གུང་གསེང་ཡིན་ནའང་སྔར་བཞིན་སློབ་མ་300ལྷག་ཁུང་ཙི་སློབ་གླིང་གིས་གཉེར་བའི་དབྱར་སྒར་དུ་ཞུགས་ཡོད་པ་རེད།
         སློབ་ཁང་དུ་རུ་ཝང་ཏའི་སློབ་མས་རམ་དཀྲོལ་དང་མཉམ་དུ་ཀྲུང་གོའི་གླུ་གཞས་གཏོང་བཞིན་འདུག ཐང་རྒྱལ་རབས་ཀྱི་སྙན་ངག་གྱེར་འདོན་བྱེད་སྐབས་སློབ་ཕྲུག་རྣམས་ཀྱིས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་བློར་ཟིན་པ་མ་ཟད། ཐལ་མོའི་མཚམས་ཚིགས་ཀྱི་ཐོག་ནས་གཞས་ལྟར་བཏང་བས་ཀྲུང་གོའི་གནའ་བོའི་སྙན་ངག་ལ་ཨ་ཧྥེ་རི་ཁའི་འགྱུར་ཁུག་གིས་མཛེས་རྒྱན་སྤྲས་ཡོད།
         གུང་གསེང་གི་གསོ་སྦྱོང་ནང་ཞུགས་པའི་སློབ་མ་དེ་དག་ནང་ནས་མི་ཉུང་བ་ཞིག་ཀྲུང་གོར་སློབ་སྦྱོང་བྱེད་པར་འགྲོ་མཁན་རེད། ཉི་ཨའོ་མུའུ་ཅི་སའེ·ཅི་ལི་ཐ་སི་ནི་ཤ་རིད་ལ་གཟུགས་པོ་རིང་བའི་རུ་ཝང་ཏའི་ཕོ་གསར་ཞིག་ཡིན་ལ་རྒྱ་སྐད་ཀྱི་མིང་ལ་ཀྲང་ཅེ་ཟེར། ཁོང་གིས་གསར་འགོད་པར“ང་མི་རིང་བར་ལེའོ་ཉིང་སློབ་ཆེན་དུ་སློབ་སྦྱོང་བྱེད་པར་འགྲོ་རྒྱུ་ཡིན། རྒྱ་ཡིག་སྦྱངས་པས་ཀྲུང་གོར་དགའ་ཞེན་ཆེ་རུ་སོང”ཞེས་བཤད། རུ་ཝང་ཏ་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཀྲུང་གོ་ཕྱོགས་ཀྱི་ཡོན་ཀྲང་ཀྲང་ཤན་ནི་ཁྲུང་ཆིང་དགེ་འོས་སློབ་ཆེན་ནས་ཡོང་བ་དང་། ཁོང་གིས་འདི་ག་ཚགས་པར་གྱི་གསར་འགོད་པར་སང་ལོ“རུ་ཝང་ཏ་སློབ་ཆེན་ཁུང་ཙི་སློབ་གླིང་བཙུགས་ནས་ལོ་10འཁོར་རྒྱུ་རེད། ད་ཆ་སློབ་གླིང་དུ་དགེ་རྒན་ཁྱོན་15ཡོད་པ་དང་ཐོ་འགོད་བྱས་པའི་སློབ་མ་4900ལྷག་ཡོད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་ནང་ནས་མདུན་གྲལ་ཡིན”ཞེས་བཤད། རུ་ཝང་ཏ་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་ཕུད། རུ་ཝང་ཏ་རྒྱལ་ཁབ་ཡོངས་སུ་ཁུང་ཙི་སློབ་གླིང་གི་སློབ་ཁྲིད་ས་ཚིགས་13བཀོད་སྒྲིག་བྱས་པ་དག་སློབ་ཆེན་གྱི་སློབ་ཁུལ་ཁག་དང་། ས་གནས་སློབ་འབྲིང་། ཀྲུང་གོས་མ་རྩ་བཏང་བའི་ཁེ་ལས་དང་སྒྲིག་གཞི་སོགས་སུ་ཁྱབ་ཡོད། རུ་ཝང་ཏ་བ་མང་པོས་རྒྱ་ཡིག་སྦྱངས་རྗེས་ཀྲུང་གོས་མ་རྩ་བཏང་བའི་ཁེ་ལས་སུ་ལས་ཞུགས་ཐུབ་ནས་རྒྱ་སྐད་བདེ་པོ་རྒྱག་ཐུབ་ཀྱི་ཡོད།
         རུ་ཝང་ཏ་རུ་དང་བླངས་དགེ་རྒན་ལོ་གཉིས་བྱས་པའི་ཀྲང་ཤིང་ཡན་མགྱོགས་མྱུར་རུ་ཝང་ཏ་ནས་ཁ་འབྲལ་མཁན་ཡིན་ཀྱང་། དེ་ནས་ཁ་འབྲལ་མི་འདོད་བཞིན་དུ་ཁོང་གིས“རུ་ཝང་ཏར་སླེབས་ནས་ཉིན་ཤས་སོང་རྗེས་སློབ་འབྲིང་གི་སློབ་ཁྲིད་ས་ཚིགས་ཤིག་ཏུ་སློབ་ཚན་ཁྲིད་པར་ཕྱིན་པ་ཡིན། ས་གནས་དེ་གའི་སློབ་མའི་ལྷག་བསམ་ཟོལ་མེད་དང་གཤིས་རྒྱུད་བཟང་པོས་རང་ཉིད་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་བརྗོད། རྒྱ་ཡིག་སློབ་འཁྲིད་བྱེད་རིང་ཀྲང་ཤིང་ཨན་གྱིས་ཀྱང་ས་གནས་དེ་གའི་སྐད་ཡིག་རིག་གནས་ལ་སྦྱངས་པ་བྱས་ཤིང་། ཁོང་གིས“ང་ནི་རུ་ཝང་ཏ་སློབ་ཆེན་ཁུང་ཙི་སློབ་གླིང་དུ་རུ་ཝང་ཏའི་སྐད་བྱང་ཆུབ་ཤོས་ཀྱི་ཀྲུང་གོའི་དགེ་རྒན་ཡིན་ཞེས་བརྗོད་ཆོག ད་ཆ་ས་གནས་དེ་གའི་སྐད་ལ་བརྟེན་ནས་སློབ་མ་དང་སྤེལ་རེས་བྱེད་ཐུབ་ཀྱི་འདུག”ཅེས་བརྗོད།
         རུ་ཝང་ཏ་ཁུང་ཙི་སློབ་གླིང་གི་ཕྱི་ཕྱོགས་ཡོན་ཀྲང་པི་ཚུའེ་སིས་རུ་ཝང་ཏ་སློབ་ཆེན་ཁུང་ཙི་སློབ་གླིང་གཉེར་ནས་ལོ་10ལྷག་ཙམ་སོང་རིང་གྲུབ་འབྲས་བཟང་པོ་ཐོབ་པ་དང་སྦྲགས་2016ལོར་ད་དུང་བྱ་དགའ་ཡང་ཐོབ་པ་རེད། ཁུང་ཙི་སློབ་གླིང་གིས་རུ་ཝང་ཏ་བ་དེ་བས་མང་བས་ཀྲུང་གོའི་རིག་གནས་ལ་རྒྱུས་མངའ་ལོན་པ་མ་ཟད། ད་དུང་དགའ་ཞེན་སླེབས་པར་གྱུར་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།