འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་དངུལ་བུན་འཕར་ཚད་རྒྱལ་ཡོངས་ལས་12.1%
    མཐོ་བ་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་22ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་20ཉིན་གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་6པའི་ཟླ་མཇུག་བར་བོད་ཀྱི་དངུལ་རྩའི་སྒྲིག་གཞིའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་4389.2ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་སྒོར་དུང་ཕྱུར་853.8འཕར་སྣོན་བྱུང་ནས་24.2%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་12.1གིས་མཐོ་བ་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་དངུལ་རྩའི་སྒྲིག་གཞིའི་དངུལ་བུན་ལྷག་གྲངས་ཁག་ལོ་སྟོད་ལས་སྒོར་དུང་ཕྱུར་345.6འཕར་སྣོན་བྱུང་བ་དང་། གསར་དུ་འཕར་བའི་དངུལ་བུན་གཙོ་བོ་ཐོན་ལས་གསུམ་པར་བཏང་བ་དང་། ཟླ་6པའི་ཟླ་མཇུག་ཏུ་ཐོན་ལས་གསུམ་པའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་2236.1ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་42.3%འཕར་བ་དང་འཕར་ཚད་སྤྱིའི་དངུལ་བུན་འཕར་ཚད་ལས་18.1%གིས་མཐོ་བ་ཡོད། ལོ་སྟོད་དུ་ཐོན་ལས་གསུམ་པའི་དངུལ་བུན་སྒོར་དུང་ཕྱུར་237.7འཕར་བ་དེས་གསར་འཕར་དངུལ་བུན་བསྡོམས་འབོར་གྱི་68.8%བཟུང་བ་དང་བཟུང་ཚད་ལོ་གོང་མའི་དུས་ཚུངས་ལས་བརྒྱ་ཆའི་གྲངས་9.8ཀྱིས་མཐོ་བ་ཡོད་པ་རེད།
         གྲངས་གཞི་ནས་མངོན་པར་གཞིགས་ན། ཟླ་6པའི་ཟླ་མཇུག་བར་གསར་འཕར་དངུལ་བུན་གཙོ་བོ་གློག་ཤུགས་དང་། ཚ་ཤུགས། སོལ་རླངས། ཆུའི་ཐོན་སྐྱེད། མཁོ་སྤྲོད་ལས་རིགས། འགྲིམ་འགྲུལ་སྐྱེལ་འདྲེན། བཀར་འཇུག སྦྲག་སྲིད་ལས་རིགས། བོགས་གཏོང་ལས་རིགས། ཚོང་དོན་ཞབས་ཞུ་ལས་རིགས་སོགས་ཀྱི་ཐོན་ལས་ལ་བཏང་ཡོད། གོང་གསལ་གྱི་ལས་རིགས་གསུམ་པོའི་གསར་འཕར་དངུལ་བུན་བསྡོམས་འབོར་སྒོར་དུང་ཕྱུར་290.9ཟིན་པ་དེས་གསར་འཕར་དངུལ་བུན་བསྡོམས་འབོར་གྱི་84.2%བཟུང་ཡོད་པ་རེད། དངུལ་རྩའི་སྒྲིག་གཞིའི་དངུལ་བུན་ལྷག་གྲངས་བརྟན་པོའི་ངང་འཕར་ནས་བོད་ཀྱི་དཔལ་འབྱོར་འཕར་ཚད་མགྱོགས་པོ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་སྒྱུར་བར་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།
         ལས་རིགས་དེའི་གཅིག་གྱུར་ཞིབ་འཇུག་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཝུའུ་ལིན་གྱིས་གསར་འགོད་པར“ལོ་སྟོད་དུ་བོད་ཀྱི་ཡིད་རྟོན་དངུལ་བུན་ཐོན་ཁུངས་ཀྱི་གཏོང་ཕྱོགས་དེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འཐབ་ཇུས་འཕེལ་རྒྱས་དང་འཚམ་ནས་གཙོ་བོ་གཞུང་ལམ་དང་། ལྕགས་ལམ། ཆུ་ཤུགས་གློག་ཁང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་སོགས་རྒྱལ་ཁབ་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་ལ་བཏང་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།